རང་ཁུལ་གྱིས་སྨན་བཅོས་ཞབས་ཞུ་ཇེ་ཡག་ཏུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱས།

ཀུན་དགའ་དང་སྐལ་བཟང་རྒྱ་མཚོས་བསྒྱུར།        2024-02-28

རྩོམ་སྒྲིག་པའི་གཏམ།

   ཐོན་ལས་ཉིན་བཞིན་འཕེལ་བ་དང་། བགྲོད་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་པ། མི་སེར་གྱི་ཡོང་འབབ་མང་དུ་སོང་བ། སྨན་པར་བསྟེན་རྒྱུ་དང་བུ་ཕྲུག་སློབ་གྲྭར་འགྲོ་བདེ་བ། རི་ཀླུང་མཛེས་སྡུག་ལྡན་པ་བཟོ་བ། ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད། འབྲུག་གི་ལོར་ཁམས་པའི་ས་གཞི་ཆེན་མོར་དམངས་འཚོའི་བྱ་དངོས་རེ་རེ་བཞིན་གྲུབ་པའི་སྤྱི་ཚོགས་འགན་སྲུང་དྲ་བ་དང་གཙོ་གནད་ལས་གྲྭ་རེ་རེས་དུས་ཚོད་དམ་འཛིན་གྱིས་མང་ཚོགས་ཀྱི་སྐྱིད་སྣང་གཅིག་ཏུ་འགྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་པོར་བསྐྲུན་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ཤིག་ཆགས་ཡོད། གོང་ཚེས་ཉིན་ནས་བཟུང་འདི་ག་ཚགས་པར་ཁང་གིས་དམིགས་བསལ་ཇུས་འགོད་ཆེད་སྒྲིག་ལེ་ཚན་ཏེ“དཀར་མཛེས་ཁུལ་དུ་རྣམ་པ་བཟང་པོ་མངོན”ཞེས་པ་བཏོན་པ་དང་། གསར་འགོད་པ་ཡུལ་དངོས་ལ་སོང་ནས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། དམངས་འཚོའི་ལས་དོན་ཁག་གི་གནས་ཚུལ་སྣ་ཚོགས་ལ་བཅར་འདྲི་བྱས་ཏེ། པར་ཆས་དང་སྨྱུ་གུའི་ལམ་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་གླེང་བཞིན་ཡོད།

   ཆེད་མིན་སྨན་པ་ནས་ཆེད་ལས་སྨན་བཅོས་ཤེས་ལྡན་པར་གྱུར་པ་དང་། སྨན་པ་དཀོན་ལ་སྨན་རྒྱུ་ཉུང་བ་ནས་ཆེད་ལས་སྨན་བཅོས་ཚོགས་པར་གྱུར་པ། ཡུལ་སྡེའི་སྨན་བཅོས་ཁང་ནས་རྫོང་གྲོང་སྨན་ཁང་དུ་རིམ་བཞིན་འཕར་ཡོད། རང་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཏང་ལེགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་ཤོག་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་བསྐུལ་ནས་གཞི་རིམ་མི་སེར་ཚོའི་སྨན་བསྟེན་ཐག་རིང་བ་དང་ནད་ལྟ་དཀའ་བའི་སེམས་ནད་བསལ་ནས་སྨན་པ་བསྟེན་པ་དང་སྨན་བཅོས་ཀྱི་གདིང་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་བདེ་སྐྱིད་སྟོན་གྲངས་ཀྱང་འཕར་ཡོད།

སྨན་བཅོས་ཐོན་ཁུངས་བཟང་པོ་སྒོ་ཁར་ཐོན།

    ལོ་སར་གྱི་གནམ་གང(སྤྱི་ཟླ2པའི་ཚེས9)ལ། ཁུལ་མི་དམངས་སྨན་ཁང་དུ་བྱིས་པ་ཆུང་ཆུང་གསུམ་སྐྱེས་ཡོད། སྨན་བཅོས་མི་སྣས་སྨན་བསྟེན་སར་ཡོང་བའི་སྦྲུམ་མའི་ནད་ཚུལ་དང་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། སྦྲུམ་མའི་བཙའ་ཁ་རྒྱས་མིན་གྱི་གནས་ཚུལ་སོགས་ཡི་གེ་བཀོད་དེ་ཕྲུ་གུ་སྐྱེ་བར་གྲ་སྒྲིག་གང་ལེགས་བྱས།

    བུ་བཙའ་ཚན་ཁག་གི་སྨན་ཞབས་པ་རེན་ཆན་གྱིས་ཚེ་སྲོག་གསར་པ་མཐོང་ཐེངས་རེར་ངའི་སེམས་པ་ཧ་ཅང་དགའ་པོ་བྱུང་། བུ་བཙའ་ཚན་ཁག་ལ་མཚོན་ན་ལོ་གསར་པའི་བྲོ་བ་ཚོར་ཐུབ་པས་མི་ཚད་པའི་ད་དུང་དམིགས་བསལ་གྱི་སྤྲོ་སྣང་ཞིག་ཀྱང་ཁེངས་ཡོད་ཅེས་བཤད།

ཕྲུ་གུའི་ཨ་མ་ཨོ་ལགས་ཀྱིས་སྐྱེས་ནས་ཡུན་རིང་མ་འགོར་བའི་ཕྲུ་གུར་ལྟ་བཞིན་དུ་གདོང་ལས་བབ་ཆགས་པའི་འཛུམ་མདངས་འཕྱུར་བཞིན་ངའི་ཕྲུ་གུ་བདེ་བླག་ངང་སྐྱེས་ཐུབ་བྱུང་། ཕྲུ་གུ་སྐྱེས་པའི་བརྒྱུད་རིམ་ཁྲོད་སྨན་བཅོས་མི་སྣ་ཐོག་མཐའ་བར་གསུམ་དུ་ངའི་གམ་དུ་བསྡད་དེ་ང་ལ་སེམས་གསོ་དང་སྐུལ་མ་གནང་བས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།

    དཔྱིད་གསར་དུས་ཆེན་དང་བོད་ལོ་སར་རིང“འབྲུག་ལོ་པའི་ཕྲུ་གུ”ཚོ་དང་མཉམ་དུ་སོ་སོའི་ཕ་མ་ཡོད་པར་ཕུད། ད་དུང་བུ་བཙའི་ཚན་ཁག་གི་སྨན་པ་དང་སྨན་གཡོག་ཀྱང་ཡོད། གནམ་གང་ནས་བཟུང་ཁུལ་མི་དམངས་སྨན་ཁང་གི་བུ་བཙའི་ཚན་ཁག་ཏུ་ཚེ་སྲོག་གསར་པ19འཇིག་རྟེན་འདིར་བསླེབས་ཡོད།

ཁུལ་ཡོངས་ཀྱི་སྦྲུམ་མ་ཚང་མ་བུད་མེད་ཨོ་ལགས་དང་འདྲ་བ་བློ་བདེ་པོའི་ངང་ཕྲུ་གུ་སྐྱེས་ཐུབ་པ་བྱུང་ཆེད། རང་ཁུལ་གྱིས་སྨན་བཅོས་ཆུ་ཚད་མཐོ་རུ་གཏང་རྒྱུའི་ཐད་བསམ་བློ་མང་པོ་བཏང་ཡོད།

     2023ལོ་ནས་བཟུང་། ཏང་ལེགས་སྐྱོང་གི་སྣེ་ཁྲིད་ནས་སྤུས་ཚད་གཙོ་བོར་འཛིན་པ་དང་། གནད་སྨིན་གཙོ་བོ་འཛིན་པ་ནས་མི་རྩ་བར་འཛིན་པ། བདེན་སྲུང་གསར་གཏོད་ནས་ཚད་སྤུས་གལ་ཆེ་མཉམ་འཛིན་བཅས་ཀྱི་བར་དང་། དེ་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ《ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་དུས་རབས་གསར་པའི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོ་མགྱོགས་པོ་གཏང་རྒྱུའི་སྐོར་གྱི་བསམ་འཆར》བཟོས་ཡོད། ཁུལ་ཡོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་ལ་མཛུབ་སྟོན་བྱས་ཏེ་འབྲེལ་ཡོད་ཡིག་ཆ83བཟོས་ནས་བཀྲམ་པ་དང་། མ་དངུལ་སྒོར་དུང་ཕྱུར5.15བཏང་ཞིང་ལས་གཞི110ལག་ལེན་བསྟར་ཡོད།

     ད་དུང་། རང་ཁུལ་གྱིས་ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་འདུས་གྲུབ་དང་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གྱི་ལྟེ་བ་ཟུར་པ་འཛུགས་སྐྲུན་ལ་མགྱོགས་མྱུར་བསྐུལ་ནས་རིམ་རྩིས་བྱས་ན་ཚགས་དམ་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི41བཙུགས་ཡོད། དེ་ནས་སྔ་རྗེས་སུ་གསེར་རྟ་དང་། དཀར་མཛེས། སེར་ཤུལ། སྡེ་དགེ། བྲག་མགོ། རྟའུ་བཅས་རྫོང་ཁག་སོ་སོ་ནས་ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་འདུས་གྲུབ་བཙུགས་ཡོད། དེ་དང་ཆབས་ཅིག་ཏུ་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ལྟེ་བ་ཟུར་པ་འཛུགས་སྐྲུན་ལ་ཤུགས་ཡོད་རྒུས་བསྐུལ་ནས་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་འཕྲོད་བསྟེན་ཁང་དང་། སྡེ་དགེ་རྫོང་མ་ཎི་གད་འགོ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ལྟེ་བ་ཟུར་པའི་འཛུགས་སྐྲུན་ཁྱོན་ཡོངས་ནས་འགྲུབ་པར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་མི་སེར་ཚོར་ནད་ཕོག་ན་སྨན་བཅོས་ཐུབ་པ་བྱུང་ཡོད།

དེས་མ་ཚད་རང་ཁུལ་གྱིས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་བསྐྱལ་བ་དང“སྨན་དོན་མི་སྣ་སྟོང་ཁྲི་གཞི་རིམ་དུ་བསྐྱོད་པ”ཞེས་པའི་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག་བཙུགས་པ་དང་། སྨན་བཅོས་མི་སྣ་འཇོན་ཐང་ཅན་མང་པོ་གཞི་རིམ་དུ་སྨན་བཅོས་རོགས་སྐྱོར་ལ་བཏང་སྟེ་ཆུ་ཚད་མཐོ་བའི་བདེ་ཐང་ཞབས་ཞུ་གཞི་རིམ་དུ་བསྐྱལ་བར་ཧུར་བརྩོན་བྱེད་ཀྱི་ཡོད།

     ཡུལ་དངོས་སུ་སྨན་བཅོས་ལ་ཡོང་བའི་ཕྱག་ཕྲེང་རྫོང་ཤམ་བྷ་ལ་གྲོང་རྡལ་གྱི་ཡུལ་མི་ཨ་ཁུ་ཚེ་རིང་གིས“ང་ད་ལོ་ལོ75ལ་སླེབས་སོང་། ལོ་ཁ་ཤས་གོང་བརྟག་དཔྱད་བྱེད་སྐབས་སྨན་པས་ངར་ཁྲག་རྩ་འགག་པ་དང་ཁྲག་ཤེད་ཅུང་མཐོ་འདུག་ཟེར་བྱུང་།ཉིན་འདི་གཉིས་ནང་ཁྲག་ཤེད་གཅོག་པའི་སྨན་ཡང་འཐུང་བཞིན་ཡོད། ད་ཐེངས་ཆེད་དུ་ཁུལ་སྨན་ཁང་གི་རིགས་གཅིག་མཁས་ཅན་ལ་ནད་བསྟེན་བློ་འདྲི་བྱེད་ས་ཡོང་བ་ཡིན”ཞེས་བཤད། ཁུལ་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་ཁོ་ལ་ཆང་རག་འཐུང་མི་ཉན་པ་དང་།མཁྲིས་ཕྲུམ་མཐོ་བའི་བཟའ་བཅའ་ཚོད་འཛིན་པ། ཁ་ཚ་བའི་བཟའ་བཅའ་ཉུང་ཙམ་བཟའ་དགོས་ཞེས་བསྒོས་པར་མ་ཟད། ད་དུང་ཁོ་ལ་ཁྲག་གཅོག་པའི་སྨན་སྒམ་གསུམ་སྤྲད་པས་ཨ་ཁུ་ཚེ་རིང་སེམས་ཧ་ཅང་དགའ་པོ་བྱུང་ཡོད།

      དེང་སང་། མང་ཚོགས་ཀྱིས་རང་གི་སྒོ་ཁ་ནས་སྨན་བཅོས་སྟབས་བདེ་པོ་བྱེད་ཐུབ་པ་དང་།“སྨན་བསྟེན་དཀའ་བ”དང“སྨན་རིན་མཐོ་བའི”གནད་དོན་ཐག་གཅོད་ཡག་པོ་ཐུབ་ཡོད། སྨན་བསྟེན་པར་སེམས་ཁྲལ་མི་དགོས་པ་ནི་རང་ཁུལ་གྱི་མི་སེར་ཚང་མས་མགྲིན་གཅིག་ཏུ་བརྗོད་པའི་སྐད་ཆ་ཞིག་ཏུ་གྱུར་ཡོད་པ་རེད།

སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་དམ་ཚགས་བཟོས།

      ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་ཏུ་སྡོད་པའི་ལི་ཀྲུང་ཞིའུ་ཡིས་སེམས་འགུལ་ཆེན་པོས་ཐུགས་རྗེ་ཆེ། འདི་འདྲའི་ཆར་པ་ཆེན་པོ་བབས་ཀྱང་།ཁྱེད་ཚོས་དཀའ་ངལ་ལ་མ་འཛེམས་པར་སྒོ་ཁར་ཡོང་ནས་ང་ལ་དམིགས་བསལ་གྱི་འགྲོ་ལུགས་གཉེར་རོགས་བྱས་པས་སླད་ཕྱིན་སྟབས་བདེ་རུ་ཕྱིན་སོང་ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཀྲུང་ཞིའུ་ནི་ཁྲག་ཤེད་མཐོ་བའི་ནད་པ་ཞིག་ཡིན་ཞིང་།འགྲོ་སྐྱོད་སྟབས་མི་བདེ་བའི་དབང་གིས་དུས་ཐོག་ཏུ་དམིགས་བསལ་སྒོ་བསྟེན་སྨན་ཁང་གི་ལྟ་སྐྱོང་རག་ཐུབ་མེད། ལྕགས་ཟམ་རྫོང་ལས་དོན་མི་སྣས་གནས་ཚུལ་དེ་ཤེས་རྗེས2023ལོའི་སྤྱི་ཟླ10པར་འབྲེལ་ཡོད་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་སྒོ་ཁའི་ཞབས་ཞུ་ནང་ཞུགས་ཏེ་གཅོང་ནད་ཀྱི་དམིགས་བསལ་སྒོ་བསྟེན་སྨན་ཁང་གི་ངོས་འཛིན་གཏན་འཁེལ་བྱེད་རོགས་བྱས་པ་དང་ལི་ཀྲུང་ཞིའུ་ཡི་སེམས་སུ་ཡུན་རིང་བཅངས་པའི་རེ་བ་སྟེ་དམིགས་བསལ་སྒོ་བསྟེན་སྨན་ཁང་གི་ངོས་འཛིན་གཏན་འཁེལ་ཐུབ་པ་རེད།

     2023ལོའི་སྤྱི་ཟླ3པའི་ཚེས28ཉིན་རོང་བྲག་མ་བུ་བདེ་སྲུང་དང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་ཀྱིས2023ལོའི“སྐྲན་གཉིས”དང་མོ་ནད་ཚགས་བཤེར་ལས་དོན་སྤེལ་འགོ་བཙུགས་ནས་ལོ35ནས64བར་གྱི་བུད་མེད་ལ་རིན་མེད་བརྟག་དཔྱད་བྱས། བུད་མེད་ཧྲི་རྨིན་ཆིའུ་ཡིས་དགའ་སྤྲོའི་ངང་ད་ཐེངས་ནི་ང་རང་སྐྲན་ནད་གཉིས་ཀྱི་ཚགས་བཤེར་ནང་ཞུགས་ཐེངས་གསུམ་པ་ཡིན། ཏང་དང་སྲིད་གཞུང་དང་མ་བུ་བདེ་སྲུང་དང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་ཀྱི་སྨན་དོན་མི་སྣས་ང་ཚོ་བུད་མེད་ཚོར་ཕན་བདེ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

    2023ལོ་ནས་བཟུང་རང་ཁུལ་གྱིས་མ་བུའི་བདེ་ཐང་ཞབས་ཞུའི་ཐད་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་མངལ་ཆགས་པའི་ཉེན་ཁ་ཚགས་བཤེར་དང་དཔྱད་དཔོག་བྱ་རྒྱུ་ཁྱོན་ཡོངས་ནས་སྤེལ་ཏེ་ཉེན་ཁ་ཆེ་བའི་སྦྲུམ་མར་རིམ་པ་བཞིན་ཚགས་བཤེར་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན། རིམ་དབྱེའི་དོ་དམ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཉེན་ཆེའི་སྦྲུམ་མ64མྱུར་སྐྱོབ་བྱས་ཡོད།ད་སྔའི་བར་གྲོང་སྡེའི་ལོ་ཚད་ལོན་པའི་བུད་མེད་ལ་རིན་པ་མི་དགོས་པའི“འབྲས་སྐྲན་གཉིས”

ཚགས་བཤེར་གྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་འབྲས་སྐྲན་གཉིས་བརྟག་དཔྱད་བྱེད་མཁན་མི་གྲངས19155ལ་ཟིན་ནས་ལས་འགན་ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ105.14ལ་ཟིན་ཡོད།ཕྲུ་གུ་མ་སྐྱེ་གོང་གི་བརྟག་དཔྱད་སྒྲིག་གཞི21བསྐྲུན་པ་དང་། ཕྲུ་གུ་དམར་འབྱར་གྱི་རྒྱུད་འཛིན་ཚབ་ལེན་ནད་འདེམས་ཚད་བརྒྱ་ཆ98.13ལ་ཟིན་པ། ཕྲུ་གུ་དམར་འབྱར་གྱི་ཐོས་ཤུགས་འདེམས་བཤེར་བྱེད་ཚད་བརྒྱ་ཆ94.22ལ་ཟིན་ཞིང་། ཁུལ་ཡོངས་ཀྱི་གྲོང་སྡེའི་སློབ་ལོ་ལོན་པའི་བྱིས་པ8624ལ་རིན་མེད་འཚོ་བཅུད་ཁུག་མ་སོགས་སྤྲད་ཡོད།

     རྒན་རྒོན་གྱི་བདེ་ཐང་འགན་ལེན་ལས་དོན་ལ་མུ་མཐུད་ཤུགས་རྒྱག་པའི་ཐད་རྒན་རྒོན་གྱི་བདེ་ཐང་འདུ་འགོད་ལག་ལེན་མཐར་ཕྱིན་བསྟར་ནས་ཁུལ་ཡོངས་ཀྱི་རིམ་པ་གཉིས་པ་དང་དེ་བཞིན་དེ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་བརྒྱ་ཆ63དུ་རྒན་རྒོན་གྱི་གསོ་རིག་ཚན་ཁག་བཀོད་སྒྲིག་ཐུབ་པ་བྱས་ནས་ལྕགས་ཟམ་རྫོང་མི་དམངས་སྨན་ཁང་གི་མི་རིགས་ས་ཁུལ་གྱི་རྒན་རྒོན་གྱི་བདེ་ཐང་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བའི་ལས་གཞི་བསྐྲུན་ཡོད། ནུས་ཤོར་རྒན་རྒོན1565ལ་རིན་མི་དགོས་པར་སྒོ་རྩར་བསྐྱོད་དེ་ཁམས་བདེ་ཞབས་ཞུ་དང་རིམས་འགོག་ཚོད་འཛིན་དྲན་སྐུལ་སོགས་ཀྱི་ཞབས་ཞུ་བསྒྲུབས་པ་དང་དམིགས་འབེན་ལེགས་གྲུབ་བྱུང་ཚད་བརྒྱ་ཆ174ལ་ཟིན་ཡོད།

གླེང་རིན་ཡོད་པ་ཞིག་ལ་རང་ཁུལ་གྱིས་མ་དངུལ་སྒོར་ཁྲི3134.78བཏང་ནས་སྨན་བཅོས་སྒྲིག་གཞི10ཡི་ཁྲག་འཚག་འབྱེད་ལྟེ་གནས་བསྐྲུན་པ་དང་། ཁྲག་འཚག་འབྱེད་འཕྲུལ་འཁོར་ཁྱོན87སྒྲིག་སྦྱོར་བྱས། ཤོང་ཚད་ཆེ་ཤོས་ལ་མི300དུས་མཉམ་དུ་སྨན་བཅོས་ཐུབ་པ་དང་ཁྱིམ་ཚང་ལ་ལོ་རེར་སྨན་རིན་སྒོར་ཁྲི5ཡས་མས་བཅག་ཐུབ་ཡོད།

     དེ་དང་ཆབས་ཅིག་རང་ཁུལ་གྱིས་ད་དུང་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ཁུལ་མི་དམངས་སྨན་ཁང་ལ་བརྟེན་ནས་དཀར་མཛེས་ཁུལ་གྱིས་བརྙན་གཟུགས་རྒྱང་སྟེན་པར་ཀློག་ལྟེ་གནས་བཙུགས་ཏེ་ཁུལ་ཡོངས་ཀྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་ཁག་གཅིག་བརྙན་ལམ་ལས་སྟེགས་ལ་སྦྲེལ་ནས་ཁུལ་མི་དམངས་སྨན་ཁང་གི་འགྱེད་འཕྲོའི་སྨན་པས་སྟེགས་བུ་བརྒྱུད་ནས་རྫོང་དང་ཡུལ་ཤོག་གི་སྨན་བཅོས་སྒྲིག་གཞིའི་གསོ་རིག་བརྙན་པར་གྲངས་གཞི་དུས་ཐོག་ཏུ་ལྟ་ཀློག་ཐུབ་པ་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ད་སྔའི་བར་ཁུལ་མི་དམངས་སྨན་ཁང་གིས་བརྙན་ལམ་ལས་སྟེགས་བརྒྱུད་ནས་དུས་ཐོག་ཏུ་སྙན་ཞུ25316བཏོན་པ་དང་། པར39152ལེགས་སྒྲུབ་བྱས་ནས་ནད་དཔྱད་སྨན་བཅོས་ཀྱི་གནད་འཁེལ་རང་བཞིན་དང་ཚན་རིག་རང་བཞིན་སྔར་བས་ཆེ་རུ་བཏང་ནས་ནད་པ་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་ཁུར་པོ་ཡང་དུ་བཏང་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:ཁུལ་མགོ་ཁྲིད་ཁུལ་རིམ་པའི་སྡེ་ཚན་ཁག་ལ་བསྐྱོད་ནས་ལོ་སར་རྗེས་ཀྱི་ལྟ་སྐུལ་ཁྲིད་སྟོན་ལས་དོན་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།