ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོས་ཚོགས་འདིའི་ཐོག་ནན་སྟོན་གནང་དོན།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2024-02-27

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་སྐབས། ས་ཆའི་རྒྱུ་རྐྱེན་གྱིས་བཟང་ཆ་ལྡན་པའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་འཕྲལ་སྒྲུབ་དོ་དམ་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་སྟོན་གནང་བ་དང་། ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ། 


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཟླ་2ཚེས་19ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་ནས། 《ས་ཆ་དོ་དམ་ལམ་ལུགས་བསྒྱུར་བཅོས་ཀྱིས་བཟང་ཆ་ལྡན་པའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་།《དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཁྱོན་ཡོངས་ནས་སྦགས་མེད་ཅན་དུ་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་བསམ་འཆར》《གཞི་རིམ་གྱི་འཕྲལ་སྒྲུབ་དོ་དམ་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《ཁྱོན་ཡོངས་ནས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་གང་མགྱོགས་གྲུབ་པ་བྱ་རྒྱུའི་སྐོར་གྱི་བསམ་འཆར》《ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2023ལོའི་ལས་ཀའི་ཕྱོགས་སྡོམ་སྙན་ཞུ》《ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2024ལོའི་ལས་ཀའི་གཙོ་གནད》བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཡོད་པ་རེད།


ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁོག་སྲིད་ཇུས་དང་ས་ཁོངས་འཕེལ་རྒྱས་དབར་དེ་བས་ཕན་འབྲས་ལྡན་པའི་འབྲེལ་མཐུད་བྱེད་པའི་ས་ཆ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ས་ཆའི་རྒྱུ་རྐྱེན་བཀོད་སྒྲིག་གི་གནད་འཁེལ་རང་བཞིན་དང་བེད་སྤྱོད་ལས་ཕྱོད་ཆེ་རུ་གཏོང་བ། བྱེད་པོའི་ནུས་པའི་གཅུན་སྡོམ་ནུས་ལྡན་དང་རྒྱལ་ཁོངས་ས་ཆ་གསར་སྤེལ་བྱ་རྒྱུ་མཐུན་སྦྱོར་རིམ་ལྡན་ཡོང་བའི་བར་མཐོངས་འཕེལ་རྒྱས་ཀྱི་གནས་བབ་ཆགས་རྒྱུར་སྐུལ་འདེད་གཏོང་བ། ས་ཆའི་རྒྱུ་རྐྱེན་གྱིས་བཟང་ཆ་ལྡན་པའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་སྦགས་མེད་ཅན་གྱི་འཕེལ་རྒྱས་ལ་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་ནི་ཐོན་ཁུངས་དང་ཁོར་ཡུག འབྱུང་ཁམས་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཡིན་པས། ཁྱོན་ཡོངས་ནས་རྣམ་པ་བརྗེ་སྒྱུར་དང་། མཐུན་སྦྱོར་ངང་རྣམ་པ་བརྗེ་སྒྱུར། གསར་གཏོད་ཀྱིས་རྣམ་པ་བརྗེ་སྒྱུར། བདེ་འཇགས་ངང་རྣམ་པ་བརྗེ་སྒྱུར་བཅས་མཐའ་འཁྱོངས་དང་། “ཐཱན་གཉིས”ཀྱི་ལས་དོན་གྱིས་སྣེ་ཁྲིད་བྱས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། སྦགས་མེད་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། གཞི་རིམ་གྱི་འཕྲལ་སྒྲུབ་དོ་དམ་ནུས་པ་སྔར་བས་ཆེ་རུ་བཏང་ཐོག འཕྲལ་སྒྲུབ་དོ་དམ་ལས་དོན་གྱི་སྟོབས་ཤུགས་གཞི་རིམ་དུ་སླེབས་པ་དང་། འགན་ལེན་གཞི་རིམ་དུ་སླེབས་པ། འགག་སྒོ་མདུན་དུ་སྤོ་བ་བཅས་ལ་སྐུལ་འདེད་བཏང་སྟེ། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་ནུས་ལྡན་དང་སེལ་བ་དང་། གནོད་འཚེའི་ལས་འཛོལ་སྣ་ཚོགས་དུས་ཐོག་ཏུ་ནུས་ལྡན་ངང་ཐག་གཅོད་བྱེད་པ།  བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱེད་དགོས། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་ཚད་བཀག་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཐོག གསར་གཏོད་གང་ཞིག་བྱ་རྒྱུ་དང་། སུས་གསར་གཏོད་སྒྲིག་འཛུགས་བྱ་རྒྱུ། ཇི་ལྟར་བྱས་ནས་གསར་གཏོད་ལ་རྒྱབ་སྐྱོར་དང་སྐུལ་ལྕག་སྲུང་སྐྱོང་བཅས་བྱ་རྒྱུར་གཞིགས་ཏེ། བསྒྱུར་བཅོས་འགག་སྒྲོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཁྱོན་ཡོངས་ནས་གསར་གཏོད་བྱེད་པའི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། 


ཚོགས་འདུའི་ཐོག །ས་ཁོངས་ཀྱི་དཔལ་འབྱོར་བཀོད་སྒྲིག་དང་རྒྱལ་ཁོངས་ས་ཆའི་བར་མཐོངས་བེད་སྤྱོད་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། ས་གནས་ཁག་གི་བྱེད་ནུས་ངེས་གནས་དང་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ། ས་ཆ་དོ་དམ་གྱི་སྲིད་ཇུས་ཚན་པ་ཞིབ་ཕྲ་བཟོ་བ། ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། བཟང་ཆ་ལྡན་པའི་ས་ཁུལ་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས། རྒྱལ་ཁོངས་ས་ཆའི་བར་སྟོང་དོ་དམ་དང་ཚོད་འཛིན་གྱི་ས་མཚམས་དོན་འཁྱོལ་ནན་པོ་བྱེད་པ་དང་། རྨོ་ཞིང་དང་ཡུན་གནས་ཀྱི་གཞི་རྩའི་ཞིང་ས། འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་བཅས་ཚོད་འཛིན་གྱི་ཐིག་གསུམ་ནན་སྲུང་བྱེད་པ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འཚོལ་ཞིབ་རང་བཞིན་ལྡན་ལ་ཤིན་ཏུ་དགོས་གལ་ཆེ་བའི་བསྒྱུར་བཅོས་བྱེད་ཐབས་ཁག་ཅིག་ལ་ཞིབ་འཇུག་གཏིང་ཟབ་དང་། བརྟན་པོ་དང་གཟབ་ནན་གྱིས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།


གྲོས་ཚོགས་ཐོག །དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཕྱོགས་ཡོངས་ནས་སྦགས་མེད་ཅན་ལ་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བར། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གཙོ་གནད་ཁྱབ་ཁོངས་ཐོག་གཅིག་སྡུད་བྱེད་པ་དང་། སྦགས་མེད་ཐཱན་ཉུང་གི་སྤུས་མཐོའི་གོང་འཕེལ་གྱི་བར་ཁམས་གཏོད་པ། ཐོན་ལས་གྲུབ་ཆ་དང་། ནུས་རྒྱུའི་གྲུབ་ཆ། འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཆ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གོང་འཕེལ་བཅས་སྦགས་མེད་ཅན་ལ་བརྗེ་སྒྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བར་རོལ་སྟངས་གང་མགྱོགས་གྲུབ་པ་བྱེད་དགོས། སྦགས་མེད་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་ དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ནས་གྲོན་ཆུང་བྱ་རྒྱུར་སྐུལ་འདེད་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་བ། སྦགས་མེད་ཚན་རྩལ་གསར་གཏོད་དང་སྔོན་ཐོན་སྦགས་མེད་ལག་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། སྦགས་མེད་ཐཱན་ཉུང་གི་རྣམ་པ་བརྗེ་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག རིན་གོང་སྲིད་ཇུས། འབྲེལ་ཡོད་ཁྲོམ་ར་ཅན་གྱི་སྒྲིག་གཞི་བཅས་འཐུས་ཚང་བཟོས་ནས། སྦགས་མེད་བརྗེ་སྒྱུར་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།


གྲོས་ཚོགས་ཐོག །དོ་དམ་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། ཏང་གིས་གཞི་རིམ་གྱི་འཕྲལ་སྒྲུབ་དོ་དམ་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྒྲུབ་དོ་དམ་ཚན་པའི་ཕྱོགས་བསྡུས་བཟང་ཆ་དང་འབྲེལ་ཡོད་ཚན་པ་དང་འབྲེལ་ཡོད་ཕྱོགས་ཁག་གི་ཆེད་ལས་བཟང་ཆ་འདོན་སྤེལ་ཡག་པོ་བྱེད་པ། སྔོན་འགོག་དང་རོགས་སྐྱོབ་ཀྱི་འགན་འཁྲིའི་འབྲེལ་བ་ཡག་པོ་འཛུགས་པ། བདེ་འཇགས་ཆེན་པོ་དང་འཕྲལ་སྒྲུབ་ཆེན་པོའི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། ལས་ཀའི་སྒྲིག་གཞི་འཐུས་ཚང་བཟོ་བ་དང་། མངོན་མེད་ཉེན་ཁ་གྲལ་བཤེར་དང་། ཉེན་ཁ་དབྱེ་འབྱེད། ལྟ་ཞིབ་སྔོན་བརྡ། དུས་ཐོག་ཐག་གཅོད་བཅས་ཀྱི་ཟླུམ་གཟུགས་དོ་དམ་བྱེད་ཐབས་གྲུབ་པ་བྱེད་པ་དང་། སྔོན་ལ་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། སྔ་ས་ནས་ཐག་གཅོད་ཐུབ་པ་བཅས་བྱ་དགོས། འགན་སྲུང་ལམ་ལུགས་འཐུས་ཚང་བཟོ་བ་དང་། རྨང་གཞིའི་རང་བཞིན་གྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་ཀྱི་མི་འབོར་དང་། དཔལ་འབྱོར་གཞི་ཁྱོན། གནོད་འཚེའི་དོན་རྐྱེན་གྱི་ཁྱད་ཆོས། བདེ་འཇགས་ཉེན་ཁའི་ཚད་གཞི་སོགས་ལ་གཞིགས་ཏེ། འཕྲལ་སྒྲུབ་རོགས་སྐྱོབ་སྟོབས་ཤུགས་ཆ་སྦྱོར་བྱེད་དགོས། གཞི་རིམ་གྱི་ལས་བྱེད་པར་སློབ་གསོ་གསོ་སྦྱོང་སྤྲོད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་སྤྱི་དམངས་ཀྱིས་ཉེན་ཁ་འགོག་ཟོན་བྱེད་པའི་འདུ་ཤེས་དང་རང་སྐྱོབ་གཞན་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།


གྲོས་ཚོགས་ཐོག །ཁྱོན་ཡོངས་ནས་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་གང་མགྱོགས་གྲུབ་པ་བྱ་རྒྱུ་ནི་ཚན་རྩལ་སྒྲིག་གཞི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པའི་སྒྲིག་གཞི་འཐུས་ཚང་བཟོ་བ་དང་། རྣམ་པ་གསར་པའི་རྒྱལ་ཡོངས་ཀྱི་སྒྲིག་གཞི་འཐུས་ཚང་བཟོ་བ། གཙོ་གཟུགས་མཐུན་སྦྱོར་དང་། གྲུབ་ཆ་སྒྲིག་སྦྱོར། ལྕག་སྐུལ་དང་གཅུན་སྡོམ། སྒོ་དབྱེ་བདེ་འཇགས་ལ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐོག་གཅིག་སྡུད་བྱེད་པ། ལམ་ལུགས་ཀྱི་ཞན་ཆ་གསབ་པ་བཅས་བྱ་དགོས། ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ། ཐོན་ལས་གསར་གཏོད་བཅས་ཀྱི་ཆོས་ཉིད་མི་འདྲ་བར་གཞིགས་ཐོག ལམ་ལུགས་ཇུས་བཀོད་ལ་རིགས་དབྱེ་ཤུགས་སྣོན་དང་། གཙོ་གནད་བསྒྱུར་བཅོས་ཚོད་ལྟ་སྔོན་ལ་ལག་ལེན་བསྟར་དགོས། མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་དུ་བཏོན་པའི་བྱེད་ཐབས་དང་གསར་དུ་བཟོས་པའི་ལམ་ལུགས་ལ་སྲིད་ཇུས་བཟུང་ཐབས་གཅིག་པའི་དཔྱད་དཔོག་གིས་ཁ་ཕྱོགས་གཅིག་ལ་ཤུགས་རྒྱག་པ་དང་མཉམ་ཤུགས་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།


གྲོས་ཚོགས་ཐོག །འདས་ཟིན་པའི་ལོ་གཅིག་ནང་། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་བཏོན་པའི་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ། ཚན་རིག་དང་མཐུན་པའི་ངང་འགོ་འཛུགས་ས་གསར་པའི་ཐོག་གི་བསྒྱུར་བཅོས་ལས་དོན་ལ་ཇུས་འགོད་བྱེད་པ་བཅས་བྱས་ཏེ། གནད་སྨིན་ཤུགས་འདོན་དང་། མཐུན་སྦྱོར་ཤུགས་འདོན། རྒྱུན་མཐུད་ཤུགས་འདོན་བཅས་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པ་འགོ་ཚུགས་རྒྱུར་སྒུལ་ཤུགས་དང་གསོན་ཤུགས་མཁོ་འདོན་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བསྒྱུར་བཅོས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཚུལ་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་། བསྒྱུར་བཅོས་ཀྱི་ཡིག་ཆ་གལ་ཆེན་ཁག་གཅིག་ལ་ཞིབ་འཇུག་དང་གྲོས་འཆམ་བྱས་ཐོག སྟོབས་ཤུགས་གཅིག་སྡུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཛ་དྲག་གི་དགོས་མཁོ་དང་། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། དཀའ་ངལ་ཡོད་པ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་སྒྲིག་འཛུགས་དང་ལག་བསྟར་བྱེད་པ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་གཞིའི་འགན་འཁྲི་བཀོད་སྒྲིག་ལེགས་སུ་གཏོང་བ། ཀྲུང་དབྱང་རིམ་པས་བསྒྱུར་བཅོས་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱས་པ། གཙོ་གནད་བསྒྱུར་བཅོས་ཀྱི་ལས་འགན་མཐུན་སྦྱོར་ངང་སྐུལ་སྤེལ་དང་། དོན་འཁྱོལ་ལ་སྐུལ་འདེད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། བསྒྱུར་བཅོས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད་ཅེས་བསྟན་ཡོད། 


ད་ལོ་ནི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ལོ་ཞིག་ཡིན་པས། ལས་འགན་གཙོ་བོ་ནི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྔར་བས་ཇུས་འགོད་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་གྱི་རྒྱུན་མཐུད་ཅིག་ཡིན་ལ། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་རེད། བསྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱེད་ཐབས་དེ་སྤྱད་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་དང་། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་མཐའ་འཁྱོངས་བྱེད་དགོས། ནང་མཁོ་རྒྱ་སྐྱེད་དང་། གྲུབ་གཞི་ལེགས་འགྱུར། སེམས་ཤུགས་འཕེལ་བ། དམངས་འཚོར་འགན་ལེན། ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་ཀྱི་བསྒྱུར་བཅོས་བྱེད་ཐབས་མུ་མཐུད་ནས་དམ་འཛིན་ཡག་པོ་བྱས་ཏེ། ཆེས་འགག་རྩའི་གནད་དོན་དང་། ཆེས་ཁ་ཚ་དགོས་གཏུག་གི་གནད་དོན་གཅིག་སྡུད་ཀྱིས་ཐག་གཅོད་བྱ་དགོས། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་ལ་དམིགས་ཏེ། བསྒྱུར་བཅོས་ཀྱི་འཐབ་ཇུས་གཙོ་གནད་དང་། སྔ་ཕྱིའི་གོ་རིམ། གཙོ་རྒོལ་ཁ་ཕྱོགས། སྐུལ་འདེད་གཏོང་སྟངས་བཅས་ཁ་གསལ་བཟོས་ནས། བསྒྱུར་བཅོས་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་གཙོ་གནད་བསྒྱུར་བཅོས་ལས་འགན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། བསྒྱུར་བཅོས་ཀྱི་བྱེད་ཐབས་ལ་སྟོན་ཕྱོགས་མངོན་གསལ་དོད་པོ་དགོས་པ་དང་། མངོན་གསལ་དོད་ཤོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། བསྒྱུར་བཅོས་མཐར་ཕྱིན་བྱེད་དགོས། ཕྱོགས་གང་ཅིའི་ཐད་ཀྱི་བསྒྱུར་བཅོས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་དང་བསྒྱུར་བཅོས་ཀྱི་ངོས་འཛིན་གཅིག་མཐུན་སྔར་བས་གཅིག་སྡུད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བསྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་སྐུལ་སྤེལ་དང་དོན་འཁྱོལ་དམ་འཛིན་ལེགས་པོ་དང་། ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་འཇོག གཞི་རིམ་དང་མང་ཚོགས་ཀྱིས་གསར་དུ་གསོག་འཇོག་བྱས་པའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བྱས་རྗེས་འཇོག་པར་བསྔགས་སྐུལ་བཅས་བྱས་ཏེ། གསར་གཏོད་བྱེད་ཕོད་པ་དང་། དམ་པ་དོན་གཉེར། གསར་གཏོད་ཡར་བརྩོན་བཅས་ཀྱི་བསྒྱུར་བཅོས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་བསྟན་ཡོད། 


ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད། །


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོས་ཚོགས་འདིའི་ཐོག་ནན་སྟོན་གནང་དོན།
  • ལེ་ཚན་རྗེས་མ།:འཛམ་གླིང་གི་ཆེས་ཆེ་བའི་སྣུམ་ཞིང་རྙེད་འདུག།
  • དོ་སྣང་ཆེ་བའི་རྩོམ།