ལས་དབང་ལ་མཆོད་པ།

བསྟན་པ་རྒྱལ་མཚན།        2024-03-20

            སྒྱུ་མའི་རླུང་གིས་བཀྱགས་པའི།།

སེམས་ཀྱི་ཚོར་བ་བདེན་ན།།

སྐྱིད་སྐྱིད་དགུང་གི་འཇའ་རེས།།

རེག་པའི་སྣང་བ་ཤར་བྱུང་།།

ཡིད་ཀྱི་པད་ཚལ་ནང་ན།།

རྩེན་པའི་རྐང་དྲུག་བུང་བ།།

ལྡེམ་ལྡེམ་གར་སྟབས་བསྒྱུར་དང་།།

སད་སེར་ལག་པས་འགེབ་ཆོག།

ཟ་ཟིའི་རྨི་ལམ་ནང་དུ།།

ཁྱེད་ཀྱི་སྣང་བརྙན་དོད་འདུག།

སེམས་ན་ཡོད་པ་མིན་ན།།

རང་དགར་བྱུང་དོན་མི་སྲིད།།

འཕྲད་པའི་ལས་ལ་བསམས་ན།།

འཕྲད་དགོས་རྒྱུ་ཞིག་བསགས་འདུག།

འཕྲད་པར་དོན་ཞིག་གྲུབ་ན།།

འཕྲད་པར་སྙིང་པོ་ཡོད་ཡོང་།།

ཀེར་ཀེར་མིག་ཟུང་ནང་ན།།

ལྷད་མེད་འོད་ཅིག་འཕྲོས་འདུག།

འོད་དེར་འགྱུར་བ་མེད་ན།།

དྭངས་གཙང་ལྷ་ལ་མཆོད་ཆོག།

སེམས་ཀྱི་གཞལ་ཡས་ཁང་ན།།

གསེར་དང་གཡུ་བྱུར་བརྩིགས་ཡོད།།

རིན་གོང་ལྷུང་བ་མེད་ན།།

རེ་ཞིག་ལེན་དུ་བསྒུག་ཆོག།

བསམ་སྤྱོད་ཆ་མཐུན་བྱུང་ན།།

ཁྱེད་ཀྱི་ཕྱོགས་སུ་ལྟ་ཡོང་།།

རེ་བའི་ཨ་ལོང་སྐོར་ཡོང་།།

འདྲེན་པའི་ཞགས་ཀྱུ་ལོས་ཁུགས།།

ཤེས་བྱ་གྱོང་པོའི་གཞི་ལ།།

སྣུམ་པོས་སྐུད་ཅིག་རྒྱོབས་དང་།།

མཉེན་མོ་ཡུན་གྱིས་འོང་བས།།

བདེ་མོའི་ལྷམ་ཆུང་འགྲུབ་འོང་།།

འགྲོ་ལམ་རིང་ཡང་ཐུང་ཡང་།།

རིང་པོའི་ཡུལ་ལ་བསམས་ནས།།

མིག་གིས་མདུན་ལ་བལྟས་ན།།

ཐོན་དགོས་གནས་དེར་བསླེབ་ཆོག

མི་ཚེ་ཀྱག་ཀྱོག་ཅིག་ལ།།

བདེ་མོ་ཡུན་དུ་དཀའ་བས།།

གཞོན་དུས་འབད་པས་བསྐྱངས་ན།།

རེ་འབྲས་དོན་དུ་སྨིན་ཡོང་།།

  • ལེ་ཚན་སྔོན་མ།:རང་གི་མི་ཚེ་བྲིས་པ།
  • ལེ་ཚན་རྗེས་མ།:བདེན་པའི་མི་ཚེ།