རང་གི་མི་ཚེ་བྲིས་པ།

འཇོ་མདའ་པདྨ།        2024-03-20

བྱམས་ལྡན་ཕ་མའི་རེ་བ་ཇི་བཞིན་སྒྲུབ།།

ངུར་སྨྲིག་དམར་སེར་བཀླུབས་ནས་དགོན་པར་ཕྱིན།།

སྐྱོ་ངལ་སེམས་ཚེགས་བར་ནས་རྒན་གྱི་མདུན།།

མི་འདོད་ཀ་ཁའི་དབྱངས་རྟ་འཐེན་ཁུལ་བགྱིས།།

གཞུང་ཆེན་པོ་ཏི་ཁག་ལ་མིག་གིས་བལྟས།།

ཐ་སྙད་བརྒྱ་སྟོང་ཀློང་ནས་ཀླད་ཡུ་འཁོར།།

དྲན་འཕྲུལ་རྟོག་འགྱུའི་འོག་ནས་གང་སར་འགྲིམ།།

སེམས་ཉིད་ཞི་བར་བཞུགས་པའི་སྐབས་མ་མཆིས།།

སྙན་དབྱངས་ངག་གི་ཟིལ་བ་ཐར་ཐོར་གཏོར།།

ཚོར་འདུའི་ཚིག་གི་རྡོ་བ་དུ་མ་སྤུངས།།

དུང་ཞེན་ཤོག་དཀར་རེ་རེ་རླུང་ལ་སྐུར།།

སེམས་ཀྱི་སྒོ་གླེགས་རྡུང་བ་ཐེག་པར་དཀའ།།

གྲོང་དུ་ཡོད་དུས་སྒར་ལ་མིག་ཞགས་འཕེན།།

དགོན་དུ་གནས་སྐབས་གྲོང་ལ་རྡོག་སྣེ་ཤོར།།

དགོན་གྲོང་བར་ནས་སྙིང་རྩ་འཕར་ལྡིང་བྱེད།།

རུལ་དྲི་འཐུལ་བའི་ཁོ་བོ་ཡ་རེ་ང་།།

རི་འགོའི་སྨུག་པ་རིག་ན་འཛིན་སྙམ་བྱེད།།

མར་འབབ་གཙང་པོ་མཐོང་ན་འདེད་འདོད་སྐྱེ།།

དཀར་གཙང་ཁ་བ་རེ་ལ་འཕྲིན་ཡིག་བྲིས།།

ལོ་ཟླའི་འགྲུལ་བཞུད་བར་ནས་ཅི་ཡང་འཚོལ།།

ཚེ་ཕྱེད་ཉི་མ་ཡོལ་ནས་འདི་གར་བསླེབས།།

མ་ངེས་སྐྱིད་སྡུག་འདྲ་མིན་དང་དུ་བླངས།།

མི་ཁའི་མཚོན་ཆའི་བར་ནས་རྒྱང་དུ་བཞུད།།

ལམ་ཆེན་ལམ་ཆུང་རེ་རེ་རྡོག་པས་མནན།།

ཕྱི་ཚུལ་ར་བའི་གཟེབ་ཏུ་ཡུན་རིང་བསྡད།།

བཅོས་མའི་རྟུལ་ཞུགས་འཛིན་ཏེ་འདི་ཙམ་སོང་།།

རྒས་གཉེར་ཐོད་དུ་ལྷུང་ཡང་གཞོན་ཉམས་ཀྱིས།།

མ་འོངས་འཚོ་བའི་ཐད་ལ་གོམ་ཆུང་ཕྱོགས།།

རིགས་ཀྱི་རུས་རྐང་འཚོལ་བའི་འདུན་པ་བྲལ།།

ཕྱི་རབས་པ་ཚོར་གཅེས་པའི་ལྷག་བསམ་དབེན།།

སྣ་ཚོགས་སྣེ་མང་འདུས་པའི་བཞི་མདོ་ནས།།

རང་གི་ལྟོ་བའི་སླད་དུ་བྲེལ་ཞིང་འཚུབ།།

གྱེས་བྲལ་གདུང་བ་ཁུར་བའི་ཁོ་བོ་ཡིས།།

འཁོར་བའི་གྲམ་ཐང་རིང་མོ་བརྒལ་བའི་ཤུལ།།

ངལ་དུབ་རྔུལ་ཆུའི་ཕོན་པོས་ས་གཞི་བརླན།།

ཁེར་རྐྱང་མཚོན་པའི་སྐྱོ་གར་སྣ་ཚོགས་འཁྲབ།།


  • ལེ་ཚན་སྔོན་མ།:རླུང་བུར་དགའ་བའི་གཞོན་ནུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།