ཧྲེན་དབྱང་གིས་ཤར་ཕྱོགས་གསར་པ་སློབ་གསོ་ཚན་རྩལ་ཚོགས་པའི་རྐང་དཔོན་ཡུས་རྨིན་ཧུང་དང་མཇལ་འཕྲད་གནང་།

མཁས་གྲུབ་ཀྱིས་བསྒྱུར།        2024-04-16

ཧྲེན་དབྱང་གིས་ཤར་ཕྱོགས་གསར་པ་སློབ་གསོ་ཚན་རྩལ་ཚོགས་པའི་རྐང་དཔོན་ཡུས་རྨིན་ཧུང་དང་མཇལ་འཕྲད་གནང་།
ཡུས་རྨིན་ཧུང་གིས་གསེར་རྟ་རྫོང་སྦོ་མདའ་གྲོང་རྡལ་སྦོ་མདའ་གྲོང་ཚོར་ས་གནས་དེ་གའི་ཁྱད་ཆོས་ཚོང་ཟོག་ལ་རྒྱུས་ལོན་བྱེད་བཞིན་པ།


     སྤྱི་ཟླ4པའི་ཚེས11ནས13ཉིན་བར། ཤར་ཕྱོགས་གསར་པ་སློབ་གསོ་ཚན་རྩལ་ཚོགས་པའི་རྐང་དཔོན་ཡུས་རྨིན་ཧུང་གིས་འཁོར་གཏོང་ཡུལ་སྐོར་ཐད་གཏོང་བྱེད་སྒོ་སྤེལ་ཏེ་རང་ཁུལ་གྱི་གསེར་རྟ་དང་། དཀར་མཛེས། སྡེ་དགེ་སོགས་བརྒྱུད་དེ་འགྲུལ་བཞུད་ཀྱི་ཞོར་ལ་ཐད་གཏོང་བྱས་ནས་ལྟད་མོ་བ་ཚོར་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་སྟོན་མོ་རྒྱ་ཆེན་ཞིག་ཕུལ་བ་རེད། དེའི་རིང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཡུས་རྨིན་ཧུང་དང་བཅས་པར་མཇལ་འཕྲད་གནང་བ་རེད།

     ཧྲེན་དབྱང་གིས་ཡུས་རྨིན་ཧུང་དང་བཅས་པར་དགའ་བསུ་ཞུས་ཤིང་། ཤར་ཕྱོགས་གསར་པ་ཚོགས་པས་དུས་ཡུན་རིང་པོར་མི་རིགས་ས་ཁུལ་གྱི་སྤྱི་ཕན་བྱ་གཞག་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་གུས་འདུད་ཞུས་པ་དང་། འཁོར་གཏོང་ཡུལ་སྐོར་ཐད་གཏོང་བྱེད་སྒོས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱོན་ཡོངས་ནས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་མགྱོགས་མྱུར་བསྐྲུན་རྒྱུ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་མོར་བྱུང་ནས་ཡུལ་སྡེ་དར་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་བསྐུལ་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།ཤར་ཕྱོགས་གསར་པ་ཚོགས་པ་ནི་རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་བའི་རིག་གནས་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཚན་རྩལ་གྱི་སློབ་རོགས་དང་། རིག་གནས་ཡུལ་སྐོར་བཀོད་སྒྲིག། ཐད་གཏོང་ཟོག་ཚོང་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཤུགས་རྐྱེན་ཁྱབ་ཆེར་ཐེབས་ཡོད། ཤར་ཕྱོགས་གསར་པ་ཚོགས་པས་སྔར་བཞིན་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ལྷག་པར་དུ་དྲྭ་ཐོག་གི་རྒྱུག་ཚད་དང་ཐོན་ཁུངས་ལེགས་སྡེབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དཀར་མཛེས་ཁུལ་གྱི་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

     ཡུས་རྨིན་ཧུང་གིས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ལ་རྟེན་འབྲེལ་ཞུས་པ་དང་། དཀར་མཛེས་ཁུལ་ལ་ཐུན་མིན་གྱི་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ལྡན་པར་བསྔགས་བརྗོད་བྱས་པ་རེད། ཤར་ཕྱོགས་གསར་པ་ཚོགས་པས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་མི་རིག་དང་ས་ཁམས། ཡུལ་ཐོན་ཁྱད་རྫས། མི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སོགས་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མི་དེ་བས་མང་པོར་དཀར་མཛེས་ཁུལ་ལ་རྒྱུས་ལོན་པ་དང་དཀར་མཛེས་ཁུལ་དུ་བསྐྱོད་པ། དཀར་མཛེས་ཁུལ་ལ་དགའ་རུ་གཞུག་རྒྱུ་ཡིན། དཀར་མཛེས་ཁུལ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱེད་འདོད་ཡོད་ཅེས་བཤད་པ་རེད།

     ཁུལ་མགོ་ཁྲིད་སྐལ་བཟང་གཡུང་དྲུང་དང་། ལུའོ་ལིན། ལིའུ་ཧུང་བཅས་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་རྫོང་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་བཅས་མཇལ་འཕྲད་དང་ཐད་གཏོང་བྱེད་སྒོར་ཞུགས་པ་རེད།།

  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གི་གོང་འོག་ཚང་མས་སོ་ནམ་ལས་ལ་འབད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།