རང་ཁུལ་གྱིས་དཔྱིད་རྨོད་ལས་དོན་ཐད་ཞབས་ཞུའི་འགན་སྲུང་ཡག་པོ་བསྒྲུབས།

སྐལ་བཟང་རྒྱ་མཚོས་བསྒྱུར།        2024-04-01

རང་ཁུལ་གྱིས་དཔྱིད་རྨོད་ལས་དོན་ཐད་ཞབས་ཞུའི་འགན་སྲུང་ཡག་པོ་བསྒྲུབས།

ཞིང་པས་སྔོ་ཚལ་དྲོད་ཁང་ནང་ལས་ཀ་ལས་བཞིན་པ།

རང་ཁུལ་གྱི་དཔྱིད་རྨོད་ལས་ཀ་འགག་རྩའི་དུས་སྐབས་སུ་སླེབས་ཤིང་།དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ཡོང་བར་འགན་ལེན་བྱ་ཆེད།རང་ཁུལ་གྱིས་དཔྱིད་རྨོད་ལས་དོན་ཐད་ཞབས་ཞུའི་འགན་སྲུང་བྱས་ནས་འབྲུ་རིགས་ཉེན་མེད་ཀྱི་ལམ་ཐིག་བརྟན་པོ་བསྲུངས་ཡོད།

ཞིང་ལས་ཀྱི་དུས་སྐབས་ཡག་པོར་འཛིན་ཆེད། རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་གཟུགས་ལམ་ཚོགས་འདུའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས། སྤྱི་ཟླ་དང་པོའི་ཚེས26ཉིན།《2024ལོའི་ཁུལ་ཡོངས་ཀྱི་ཞིང་འབྲོག་ཞིང་སྡེ་ལས་དོན་གྱི་གཙོ་གནད་བརྡ་ཐོ》པར་འགྲེམས་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་དང་།ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།དཔྱིད་དུས་ཞིང་ས་དོ་དམ་སོགས་ཀྱི་ལས་ཀར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

རང་ཁུལ་གྱིས་འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་དང་། འབྲུ་རིགས་ཉེན་མེད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་ཏན་བྱེད་པ།ཡུལ་སྡེ་དར་རྒྱས་གཏོང་བའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་དང་འཕེལ་རྒྱས་སྤུས་ཚད་མཐོ་པོའི་ལས་དོན་སྤེལ་བ།“འགན་ལེན་ལམ་ལུགས”ཀྱི་རྩིས་ཁྲ་དོན་འཁྱོལ་བྱེད་པ། འབྲུ་རིགས་ཐོན་སྐྱེད་ཀྱི་དམིགས་ཚད་ལས་འགན་རིམ་པ་བཞིན་ཁག་བགོས་ཞིབ་ཚགས་བྱེད་པ།འབྲུ་རིགས་འདེབས་ཁྱོན་རྫོང་དང་། གྲོང་སྡེ།ས་ཞིང་བཅས་སུ་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི100ཡན་ཆད་དང་ཐོན་ཚད་ཏུན་ཁྲི23ཡན་གནས་པར་བྱས་ནས་འབྲུ་རིགས་ཉེན་མེད་ཀྱི་སྲོག་རྩ་བརྟན་པོ་བསྲུང་དགོས།

དཔྱིད་རྨོད་ལས་དོན་ཉེན་མེད་ཡོང་བ་དང་མྱུར་ཚད་མགྱོགས་སུ་གཏང་ཆེད།རང་ཁུལ་གྱིས་དཔྱིད་རྨོད་ཐོན་སྐྱེད་ཀྱི་དགོས་མཁོ་གཞིར་བཟུང་ནས་ཧུར་ཐགས་ཀྱིས་ས་བོན་དང་།སོན་མྱུག རྫས་ལུད། ཞིང་སྨན་སོགས་དངོས་ཟོག་གྲ་སྒྲིག་དང་མཁོ་སྤྲོད་བྱས་ནས་དཔྱིད་རྨོད་ཐོན་སྐྱེད་ལ་དངོས་ཟོག་འགན་ལེན་བྱས་པ་དང་། ཞིང་འཕྲུལ་ཞིབ་བཤེར་བཟོ་བཅོས་དང་སྲུང་གསོ་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་སོགས་ཞབས་ཞུའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཕྲུལ་ཆས་བཀོད་གཏོང་དང་གྲབས་གསོག་གི་དགོས་མཁོ་བསྐངས་ནས་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཀྱི་རྣམ་པ་བཟང་པོ་འགན་ལེན་བྱས།

དེ་དང་ཆབས་ཅིག་ཏུ། རང་ཁུལ་གྱིས་གནོད་འགོག་ལོ་ལེགས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་གནམ་གཤིས་དང་ཆུ་བེད་སོགས་སྡེ་ཚན་དང་གྲོས་མོལ་བྱ་རྒྱུར་ཤུགས་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ། ས་གནས་ཁག་གིས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་གཞིར་བཟུང་སྟེ་འབྲེལ་ཡོད་ཀྱི་གནོད་སེལ་ལག་རྩལ་ཇུས་གཞི་བཟོས་ནས་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་རང་འགུལ་ངང་གནོད་འཚེ་ལས་གཡོལ་བ། ཚན་རིག་དང་མཐུན་པའི་གནོད་འགོག་བྱས་ཏེ་གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། ཞིང་ཕན་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད། རང་ཁུལ་གྱིས་ཞིང་ཕན་སྲིད་ཇུས་ཁག་ལག་ལས་བསྟར་ནས་ཞིང་པའི་ཐོན་སྐྱེད་ཀྱི་སེམས་ཤུགས་སྐོང་འཐེན་གང་ལེགས་བྱས་ཏེ་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྨོ་ཞིང་གི་ས་རྒྱུའི་སྲུང་སྐྱོང་ཁ་གསབ་རོགས་དངུལ་བགོ་བཤའི་ཇུས་གཞི་དང་ལག་བསྟར་ཇུས་གཞི་བཟོས་ནས་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་གྲངས་ཀ་ལྟར་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ཡོད། དཔྱིད་རྨོད་གྲ་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་ཐད་སྤྱི་ཟླ2པའི་ཚེས26ཉིན་ནས་བཟུང་། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་ལས་དོན་ཚོ་ཆུང་གསུམ་ལ་བགོས་ཏེ་ཁུལ་ཡོངས་ཀྱི་དཔྱིད་རྨོད་གྲ་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་ཏེ། དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ངང་སྤེལ་བ་དང་ཞིང་ལས་ཐད་གྲུབ་འབྲས་བཟང་པོ་ཐོབ་པར་རྨང་གཞི་ཡག་པོ་བཏིང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།རང་ཁུལ་གྱི་དཔྱིད་རྨོད་ཐོན་སྐྱེད་ལས་ཀ་སྤྱི་ཟླ3པའི་ཟླ་དཀྱིལ་དང་ཟླ་སྨད་ནས་སྤྱི་ཟླ4པའི་ཟླ་འགོ་བར་ཁྱོན་ཡོངས་ནས་སྤེལ་རྒྱུ་ཡིན་ཞིང་། མཚོ་འཕགས་དང་གནམ་གཤིས་ཀྱི་དབང་གིས་ད་སྔར་རང་ཁུལ་གྱི་དཔྱིད་རྨོད་ལས་དོན་སྤེལ་ཡུལ་གཙོ་བོ་ནི་ཤར་རྒྱུད་ཡིན་ལ། ད་སྔའི་བར།རང་ཁུལ་གྱི་ཤར་རྒྱུད་སྡེ་ཁུལ་དུ་སོན་མྱུག་སྣ་ཚོགས་ཁྲི504དང་སོན་བཟང་ཏུན3021.6 ཞིང་ལུད་ཏུན744 ཞིང་སྤྱོད་འགྱིག་ཤོག་ཏུན190 ཞིང་སྨན་ཏུན19.8 ཞིང་འཕྲུལ་ཡོ་བྱད2241བཅས་གྲབས་གསོག་དང་གཏོང་འདྲེན་བྱས་ཡོད།

དར་མདོ་གྲོང་ཁྱེར་སྒོ་ལྕགས་གྲོང་རྡལ་རི་སྐེད་གྲོང་སྡེ་དང་འབྲུ་མཛོད་གྲོང་སྡེའི་ཞིང་ནང་དུ་ཡུལ་མི་ཚོས་དཔྱིད་རྨོད་ལ་བརྩོན་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད།

མཉམ་རོལ་ཚལ་ཞིང་ནང་གང་ས་གང་དུ་ནམ་ཟླ་རང་བཞིན་གྱི་སྔོ་ཚལ་བཏབ་ནས་ཁེངས་ཡོད། འབྲུ་མཛོད་གྲོང་སྡེའི་ཤིང་འབྲས་ལྡུམ་རའི་ནང་ཞིང་པ་ཚོས་འབྲས་ཤིང་ལ་སྨན་གཏོར་བ་དང་ཡལ་ཕྲན་འབྲེག་པ་སོགས་ཀྱི་ལས་ཀར་བྲེལ་ཞིང་། རང་ཉིད་ཀྱིས་དཀའ་ལས་བརྒྱབ་པའི་ཚལ་ཞིང་དང་ཤིང་འབྲས་སྡོང་པོར་ལྟ་བཞིན་དུ་ཡུལ་མི་ཚོའི་གདོང་ལ་འཛུམ་མདངས་དང་ཡིད་ཆེས་ཀྱིས་ཁེངས་ཡོད།

ལྕགས་ཟམ་རྫོང་དུ་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། ས་གནས་དེ་གའི་རྨོ་འདེབས་ལ་ཉམས་མྱོང་ཡོད་པ་དང་ཞིང་ལས་ལག་རྩལ་མི་སྣ་རྣམས་ཞིང་ནང་དུ་སོང་ནས་གྲོ་དང་།པད་ཁ།ཞོག་ཁོག་འདེབས་གསོ་སོགས་ཀྱི་ཞིང་ལས་ལག་རྩལ་གསོ་སྦྱོང་སྤེལ་ནས་དཔྱིད་རྨོད་ལས་ཀར་འགན་སྲུང་བྱེད་ཅིང་། བསྡོམས་རྩིས་བྱས་པར་གཞིགས་ན།ད་སྔའི་བར།ལྕགས་ཟམ་རྫོང་གིས་དྲིལ་བསྒྲགས་དཔྱད་ཡིག5000ལྷག་སྤྲད་པ་དང་འབྲུ་རིགས་འགན་ལེན་འགན་འཁྲིའི་ལམ་ལུགས་ཀྱི་རྩིས་ཁྲ་བཟོས་པ།དཔྱིད་སྨིན་ལོ་ཏོག་མུའུ་ཁྲི3.8ལ་དོ་དམ་སྲུང་སྐྱོང་བྱས་ཐུབ་ཡོད།

རོང་བྲག་རྫོང་སྒོ་ལུང་གྲོང་རྡལ་སྟག་ག་སྟེང་གྲོང་སྡེར་ཡུལ་མི་ཚོས་ཞིང་ལས་ཡོ་བྱད་འཁྱེར་ནས་ས་ཞིང་སློག་པ་དང་ཞིང་ལས་སྐྱེ་དངོས་འདེབས་པ་སོགས་མི་ཁོམ་མི་ལྕོགས་བྱེད་བཞིན་ཡོད། དུས་མཚུངས་སུ།སྒོ་ལུང་གྲོང་རྡལ་མཐུན་སྒྲིལ་སྡེ་བས་ཧུང་དབྱང་ཞིང་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་འདེབས་འཛུགས་རྟེན་གཞིའི་ནང་ཡུལ་མི་ཚོས་བྱང་ཆ་ལྡན་པའི་ངང་གླང་རྔ་འདེབས་འཛུགས་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོར་སྤྱི་གཉེར་ཁང་དེས་ད་དུང་ཞོག་ཁོག་མུའུ700ལྷག་བཏབ་རྒྱུ་རེད།

བརྒྱད་ཟིལ་རྫོང་ཡོན་ཏན་གྲོང་རྡལ་དུ་ཞིང་སློག་པ་སོགས་ཀྱི་དཔྱིད་རྨོད་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་དེ། ཤེས་རྟོགས་བྱུང་བར་གཞིགས་ན།ཡོན་ཏན་གྲོང་རྡལ་གྱི་དྲོད་ཚད་ཅུང་མཐོ་བ་དང་།ཆར་ཆུ་འབེལ་བ། ཉི་འོད་ཀྱི་ཆ་རྐྱེན་ལེགས་པས་ཞིང་ལས་སྐྱེ་དངོས་སྣ་ཚོགས་ཐོན་སྐྱེད་བྱ་ཐུབ། བརྒྱད་ཟིལ་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་གཞན་དག་དང་བསྡུར་ན་ཡོན་ཏན་གྲོང་རྡལ་གྱིས་སྔ་ཙམ་ནས་དཔྱིད་རྨོད་བྱེད་འགོ་བཙུགས་པ་རེད། དེ་གའི་ཡུལ་མི་ཚོས་ལོ་གསར་གོང་ནས་རང་བྱུང་ལུད་རྫས་ཞིང་ནང་དུ་བླུགས་ནས་དཔྱིད་ཀ་ཤར་མ་ཐག་རྨོ་འདེབས་ལ་བྲེལ་བཞིན་ཡོད།

ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱིན་ཆད་ཀྱི་ལས་དོན་ཁྲོད་རང་ཁུལ་གྱིས་འབྲུ་རིགས་ཐོན་སྐྱེད་ཀྱི་ཏང་སྲིད་འགན་འཁྲི་མཉམ་ཁུར་དོན་འཁྱོལ་ནན་ཏན་བྱས་ཏེ། དཔྱིད་རྨོད་ལས་དོན་གཙོ་གནད་དུ་བརྩིས་ནས་དམིགས་ཚད་ལས་འགན་སླར་ཡང་ཁ་གསལ་བ་དང་། ལས་ཀའི་ཇུས་གཞི་ཞིབ་ཕྲ་བྱས་པ། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་དེ་ལས་དོན་གཙོ་བོར་བརྩིས་པ་དང་།འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཀྱི་ལས་ཀ་ཏན་ཏིན་བསྒྲུབ་ནས་ཡུལ་སྡེ་དར་རྒྱས་གཏང་རྒྱུའི་ཐད་ཤུགས་འདོན་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་གིས་གཞུང་ལམ་དཔེ་སྟོན་རྫོང་གསར་འཛུགས་ཐུབ་པར་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།