ཁ་བ་བབས་བྱུང་།

ཚོར་སྦྲང་།        2024-04-01

            བྱ་ཁྱུ་ཚང་ལ་ལོག་པར་རྩོམ་པའི་ཕྱི་དྲོ་འདིར།

ངས་སེམས་པ་དང་ཁ་ཐག་ཉེ་བའི་ཁ་བ་མཐོང་བྱུང་།

སིམ་སིམ་གྱིས་ས་གཞིར་ལྷུང་བའི་ངང་ཚུལ་དེ་ཡིས།

ང་ལ་གློ་རྡེག་ཏུ་བདེ་སྣང་ཕྲ་མོ་ཞིག་སྟེར་བྱུང་།

དེ་ནི་སྐྱོ་སྣང་ཅི་ཡང་མེད་པའི་སྒྱུ་འཕྲུལ་གྱི་ལྷ་མོ་ཞིག་གིས།

ངའི་སྐྱོ་སྣང་གི་ཁུར་ཚ་ལྕི་མོ་དེ་ས་རུ་བླངས་པ་དང་མཚུངས།

སྐད་ཅིག་གི་ངང་ཚུལ་དེ་ལས་ང་ཡང་མི་ཡུལ་དུ་ཡོད་པའང་བརྗེད།

མིག་ཟུང་ནམ་མཁའ་ལ་ཅེར་ནས་ཡུད་ཙམ་འགོར་རྗེས།

ང་སླར་ཡང་སྐྱོ་སྣང་གི་འཆིང་རྒྱར་ལྷུང་སོང་།

དོན་དམ་དུ་ང་སྐྱོ་སྣང་ལས་ཐར་ཐབས་མེད་པ་འདྲ་སྟེ།

དེ་ནི་ངས་གདོད་མའི་སྨོན་ལམ་འདེབས་སྟངས་ལ་ལན་པ་ཡིན་ཨང་།

ཡུན་རིང་ཁ་བ་ལ་རེ་བའི་དོ་ནུབ།

ང་སྐྱོ་སྣང་གི་གཟེབ་ལ་ཚུད་སོང་།

དོ་ནུབ་གསར་དུ་མི་ཡུལ་དུ་བབས་པའི་ཁ་བ་དེ་དག།

ངས་མཛེས་སྡུག་གི་ནམ་མཁའ་གཏད་ནས་བསུ་སྙིང་བྲོ་མོད།

ཁེར་རྐྱང་གི་རང་ཤག་ནས་ཁ་བ་འབབ་པ་མཐོང་དུས།

ང་ཧ་ཅང་ཁེར་རྐྱང་དང་སྐྱོ་སྣང་གིས་འཚེ་བཞིན་ཡོད་པ་སྙམ་བྱུང་།

ངའི་མིག་ཀོང་ལས་བཞུར་བའི་སྐྱོ་ཆུ་རིང་མོ་དེ་ཡང་།

དོ་ནུབ་ཀྱི་ཁ་བ་དང་འདྲ་བར་རྩུབ་རེག་གི་ས་རུ་ལྷུངས་ཏེ།

ང་ལ་སྐྱོ་སྣང་གི་བུ་གཡུག་སྐྱེད་ཀྱིན་པ་ཚོར་བྱུང་།

ས་རྩ་ཡོངས་སུ་རུབ་ནས་ཡོད་ཚད་མག་མོག་ཏུ་གྱུར་ཏེ།

སྒེའུ་འགྲམ་གྱི་གློག་འོད་ནས་ལྷབ་ལྷུབ་ཏུ་འབབ་པའི་ཁ་བ་མཐོང་བྱུང་།

ངས་ཁ་བའི་ནང་ནས་གློ་རྡེག་ཏུ་མི་ཞིག་བསླེབ་པར་སྟོང་འདང་བརྒྱབ།

མི་དེས་ངའི་ནང་སེམས་ཀྱི་སྐྱོ་སྣང་ཧྲིལ་པོ་རྨེག་མེད་དུ་བཏང་ན་སྙམ།

དེ་ལྟར་བཤད་ན་ཁ་བ་ཐོག་མ་བབས་པའི་དུས་སྐབས་དེར།

མི་ཞིག་ངའི་ཉེ་ས་ལ་ཡོང་ནས”ང་ཁྱོད་ལ་དགའ”ཟེར་གྱིན།

ལྷབ་ལྷུབ་ཏུ་བབས་པའི་ཁ་བ་དང་མཉམ་དུ་རིང་སར་བུད་སོང་།

ང་རང་སྐྱོ་སྣང་གི་འདམ་དུ་ལྷུང་དོན་མི་དེར་འབྲེལ་བ་ཡོད་དམ།

མི་དེས་ང་ལ་སྙིང་གཏམ་གྱི་སྦྲང་རྩི་བླུད་པ་ཉུང་དྲགས་པས་ཡིན་ནམ།


  • ལེ་ཚན་སྔོན་མ།:ཡིད་གདུང་བའི་མགུར་གླུ་རིང་མོ།
  • ལེ་ཚན་རྗེས་མ།:སེམས་ཀྱི་སྨིན་དྲུག་དང་ང་ཡི་ཆིག་ལབ།