ཁྲུང་ཁྲུང་དཀར་མོ།

༼ རྫ་ཤུལ་བློ་བཟང་། ༽        2024-03-22

འཁོར་བའི་སྡུག་བསྔལ་བསམས་ནས་རི་ལ་བྲོས། །

བྲོས་པའི་ལམ་བར་ལས་ཀྱི་བག་ཆགས་རྙེད། །

སེམས་ཚོར་ཚིག་གིས་མི་མཚོན་གསང་བ་དེ། །

གསང་བའི་སྒྲོམ་བུ་རིན་ཆེན་ནོར་ལས་ལྷག །

ལམ་ཐུག་བྱུང་བ་མ་ཡིན་མཐོང་བ་ཙམ། །

མཐོང་བ་རྒྱང་རིང་ཡུལ་ནས་ཤར་ཙམ་རེད། །

གཞོན་ནུའི་ལང་ཚོ་གསེར་གྱིས་མ་བསླད་ཀྱང་། །

མཛེས་པའི་ཉམས་ལྡན་ཤ་བ་ཡུ་མོའི་སྤུན། །

རྣམ་རྟོག་བག་ཆགས་དོར་ཕྱིར་དབེན་པར་ཕྱིན། །

འགྲོ་ལམ་སྒེག་ལྡན་བུ་མོའི་རྒྱབ་གཟུགས་རིག །

སྔོན་བསགས་ལས་འཕྲོ་དྲན་པའི་རྨི་ལམ་རྨིས། །

སླར་ཡང་འཁོར་བའི་ནང་གི་མིང་ཚིག་བྲིས། །

རྨ་བྱའི་ཐིག་ལེས་སྤྲས་པའི་སྐྱེ་གཟུགས་ལ། །

ལྡེམ་ལྡེམ་ལྕུག་ཕྲན་ཕྲ་མོའི་ལང་ཚོ་གསལ། །

བསིལ་འཇམ་རླུང་བུས་བསྒུལ་བའི་རྣམ་པ་དེས། །

ཚོར་བའི་ཡིག་འབྲུ་འབུམ་གྱིས་རི་མོར་ཕབ། །

ཧ་རི་ཙནྡན་ལྗོན་པའི་གར་སྟབས་བཞིན། །

ཧ་ཅང་མཛེས་སྡུག་སྤུད་པའི་གཞོན་ནུ་མ། །

མཐོང་བས་ཡིད་ཀྱི་བརྟན་པ་ཁྱེར་ནས་སོང་། །

བྲོས་ཀྱང་རྟོག་བཏགས་དྲ་བའི་ནང་དུ་ཚུད། །

བུང་བའི་མགྲིན་སྙན་འཁྲུལ་ནས་ཁྱེད་ཕྱོགས་འཁོར། །

འཁོར་བའི་ནང་ནས་འཁྲུལ་བའི་ས་བོན་རྙེད། །

ཡིད་འཕྲོག་སྐྲ་ཡི་ལན་བུ་རེ་རེ་ཡང་། །

སེམས་ཀྱི་དམ་ཚིག་མདུད་པའི་འཆིང་ཐག་ཡིན། །

ཞེ་ཐག་བཅད་ནས་འཁོར་བ་རྒྱབ་ཏུ་བསྐྱུར། །

འཁོར་བའི་ནང་གི་ལྷ་མོའི་འགྱུར་ཁུགས་ཐོས། །

རྣ་བའི་རྣམ་ཤེས་སྲེད་པའི་ཕྱོགས་སུ་ཕྱིན། །

ཟློས་གར་ཁྲོད་དུ་ཁོ་བོའི་རྐང་རྗེས་ལྷག །

ང་ལ་རྨི་ལམ་ལྷག་འཕྲོ་དུམ་གཅིག་ཡོད། །

རེ་བའི་ཉག་མ་ཕྲན་ཚེགས་འགའ་ཡང་ཡོད། །

དེའི་ཕྱིར་འཁོར་བའི་གྲོང་ནས་འགྲོ་འདོད་ཡོད། །

ཞི་བའི་བས་མཐའི་ཚལ་ནས་ཤི་འདོད་ཡོད། །

སྐྱོ་གཞས་རེ་འགའ་ན་བུན་ཁྲོད་དུ་འཕངས། །

ཞི་བའི་ལྷ་ལ་རེ་བའི་འདུན་མ་བཅངས། །

ཁེར་རྐྱང་འཚོ་བའི་ལམ་ཕྱོགས་བསྒྱུར་བ་ཡིས། །

རང་སེམས་རང་གིས་མཐོང་ན་སྐྱིད་ཅིག་ཡིན། །

ལྷ་མོའི་གཟུགས་འདྲ་བུ་མོ་གཤིས་བཟང་མ། །

དུང་སེེམས་མཚོ་མོའི་འགྲམ་དུ་མ་བཞད་ཅིག །

བྱ་དེ་ཁྲུང་ཁྲུང་བཞིན་དུ་རྒྱང་རིང་འཕུར། །

རྒྱང་རིང་ཡུལ་ནས་བདེ་ཞིང་སྐྱིད་པར་སྨོན། །

ཚིག་དེ་སྤྲིན་དཀར་བཞིན་དུ་མཁའ་ནས་བཤམས། །

ལུས་ཕྲ་ཁྱོད་གདོང་ངོས་སུ་ཟླ་གཟུགས་བྲིས། །

གཉུག་མའི་མགུར་གླུ་ཡུད་ཙམ་གྱེར་བའི་ཉམས། །

སྲིད་པའི་ལྗོངས་སུ་སྣང་བརྙན་གསོན་པོ་བཞག །

  • ལེ་ཚན་སྔོན་མ།:ནས་འབྲུ།
  • ལེ་ཚན་རྗེས་མ།:ཕལ་བའི་མི།