བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ལ་ཁ་སྦུག་སྨན་བཅོས་ལག་རྩལ་གསར་པ་སྤེལ་བར་རམ་འདེགས་བྱས།

    མི་དམངས་ཉིན་རེའི་ཚགས་པར།    2024-03-21

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2023ལོའི་ལོ་སྨད་དུ་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་སྨན་པས་སྐུལ་འདེད་ཧུར་ཐག་བཏང་བའི་འོག ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ལྟེ་བའི་སྨན་ཁང་ཁ་སྦུག་ཚན་ཁག་ཏུ་ལག་རྩལ་གསར་པ་སྟེ་ཁ་སྦུག་ཉམས་གསོའི་གཤགས་བཅོས་ལག་རྩལ་ཁྱབ་གདལ་བཏང་བས། གྲ་ནང་རྫོང་དུ་སོ་ཚབ་བསྒར་བ་དང་། སོ་ཉམས་གསོ་དང་མཛེས་བཟོ་བཅས་རྫོང་དེ་རང་དུ་བྱེད་པའི་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད།

ལོ་ཉི་ཤུ་ལྷག་ཙམ་ལ་སླེབས་པའི་ཕོ་གཞོན་བཀྲ་ཤིས(མིང་ཚབ)ལ་མདུན་སོ་ཁ་ཤས་ཚང་མེད་པས། སྙིང་རྗེ་པོ་མེད་པ་དང་གད་མོ་ཡང་དགོད་མི་ཕོད་པ་དེས་འཚོ་བར་སྟབས་ཧ་ཅང་མི་བདེ་བའི་ཚོར་སྣང་ཞིག་བྱུང་ནས་སོ་ཚབ་བསྒར་རྒྱུ་ཚོད་ལྟ་བྱེད་པའི་བསམ་བློ་ཞིག་བཅངས་ཏེ་བོད་ལྗོངས་གྲ་ནང་རྫོང་ལྟེ་བའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད།

ཧུའུ་ནན་ཞིང་ཆེན་གྱི་ཁག་དང་པོའི་དུས་ཐུང་བོད་སྐྱོར་ལག་རྩལ་ཤེས་ལྡན་པ་ཀྲུའུ་ཀྲོའུ་རུ་ཁག་གི་རུ་དཔོན་དང་ཀྲུའུ་ཀྲོའུ་གྲོང་ཁྱེར་ལྟེ་བའི་སྨན་ཁང་ཁ་སྦུག་ཚན་ཁག་གི་རིགས་གཅིག་མཁས་ཅན་སྨན་པ་རབ་འབྱམས་པ་ཤེ་ཀྲི་མིན་གྱིས་ཁོང་ལ་བརྟག་དཔྱད་དཔྱད་དཔོག་བྱས་རྗེས་རི་མོ་འབྲི་བ་དང་། དཔེ་དབྱིབས་བཟོ་བ། བརྙན་ལམ་ནས་སྟོན་པ་བཅས་བརྒྱུད། ཁོང་ལ་ཉམས་གསོའི་སྨན་བཅོས་ཀྱི་ཇུས་གཞི་ངོ་སྤྲོད་བྱས་པར་བརྟེན། བཀྲ་ཤིས་ཀྱིས་རྫོང་དེ་རང་དུ་སྨན་བཅོས་བྱ་རྒྱུའི་རེ་བ་བྱས། འོན་ཀྱང་སྐབས་དེ་དུས་གྲ་ནང་རྫོང་ལྟེ་བའི་སྨན་ཁང་ཁ་སྦུག་ཚན་ཁག་ལ་འབྲེལ་ཡོད་ཀྱི་ཡོ་བྱད་དང་རྒྱུ་ཆ་མེད་པས་གཤགས་བཅོས་བྱེད་ཐབས་བྲལ། ས་གནས་དེ་གའི་མང་ཚོགས་ཀྱི་སོ་ཚབ་བསྒར་བ་དང་སོ་མཛེས་བཟོ་བྱེད་པའི་དགོས་མཁོར་བསམ་གཞིག་བྱས་ནས་ཤེ་ཀྲི་མིན་གྱིས་རང་ངོས་ཀྱི་ཆེད་ལས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ལྟེ་བའི་སྨན་ཁང་ལ་ཁ་སྦུག་ཉམས་གསོའི་ལག་རྩལ་གསར་པ་སྤེལ་རྒྱུའི་རེ་ཞུ་བྱས་པ་རེད།

སྨན་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཤེ་ཀྲི་མིན་གྱིས་ཕྱོགས་གཅིག་ནས་འབྲེལ་ཡོད་སོའི་ཡོ་བྱད་དང་རྒྱུ་ཆ་ཉོ་རོགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དགོས་ངེས་ཀྱི་ལྷུ་ཚིགས་ཁག་ལེགས་སྒྲིག་བྱས་ནས་ཁ་སྦུག་ཉམས་གསོའི་ལག་རྩལ་གསར་པ་གྲ་སྒྲིག་བྱས་པ་དང་ཆབས་ཅིག་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། ཤེ་ཀྲི་མིན་གྱིས་སྨན་ཁང་གི་ཁ་སྦུག་རྣམ་གྲངས་ཀྱི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གྲ་སྒྲིག་ལས་དོན་ཚང་མ་མཇུག་འགྲིལ་རྗེས་སྨན་པ་ཤེ་ཀྲི་མིན་གྱིས་བཀྲ་ཤིས་ལ་སྨན་བཅོས་བྱས་པ་རེད། ཉམས་གསོ་ཞིབ་ཚགས་བྱས་པ་བརྒྱུད། བཀྲ་ཤིས་ལ་མདུན་སོ་གསར་པ་ཞིག་བསྒར་ཐུབ་པ་བྱུང་བ་རེད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ཟབ་གཏོང་གི་ཚོད་ལྟ་བྱ་ཡུལ་མང་དུ་གཏོང་རྒྱུ་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།