མང་ཚོགས་ཀྱི་བདེ་ཐང་སེམས་ནུས་ཡོད་རྒུས་བསྲུངས་པ། ​ཧོ་པེ་ཞིང་ཆེན་གྱི་དུས་ཐུང་རོགས་སྐྱོར་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁག་བཅུ་པའི་སྐོར་བཀོད་པ།

    མི་དམངས་ཉིན་རེའི་ཚགས་པར།    2024-03-21

2023ལོའི་ཟླ་5པར། ཧོ་པེ་ཞིང་ཆེན་གྱི་དུས་ཐུང་རོགས་སྐྱོར་གྱི་ཆེད་ལས་ལག་རྩལ་པ་ཁག་བཅུ་པ་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མི་དམངས་སྨན་ཁང་དུ་འབྱོར། འདི་གར་ཁོང་ཚོས“གཞན་ལས་ལྷག་པའི་དཀའ་སྡུག་མྱོང་ཐུབ་པ་དང་། གཞན་ལས་ལྷག་པའི་དམག་འཐབ་བྱེད་ཐུབ་པ། གཞན་ལས་ལྷག་པའི་བཟོད་བསྲན་བྱེད་ཐུབ་པ། གཞན་ལས་ལྷག་པའི་མཐུན་སྒྲིལ་བྱེད་ཐུབ་པ། གཞན་ལས་ལྷག་པའི་ལེགས་སྐྱེས་འབུལ་ཐུབ་པ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས། ས་གནས་དེ་གའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སེམས་ནུས་ཡོད་རྒུས་སྲུང་སྐྱོང་བྱས།

ནད་རིགས་བརྟག་དཔྱད་བྱེད་མཁན་གྱི“མྱུལ་ཞིབ་དམག”ཡག་པོ་བྱས་པ།

ཡང་དག་དང་དུས་ཐོག་གི་གློག་པར་བརྟག་དཔྱད་སྙན་ཞུ་ཞིག་གིས་ནད་བརྟག་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད། དེར་བརྟེན་གློག་པར་ནད་བརྟག་སྨན་པར་རྒྱུན་དུ་མི་རྣམས་ཀྱིས་ནད་རིགས་བརྟག་དཔྱད་བྱེད་མཁན་གྱི“མྱུལ་ཞིབ་དམག”ཅེས་འབོད་ཀྱི་ཡོད།

ཧྲི་ཅ་ཀྲོང་གྲོང་ཁྱེར་མི་དམངས་སྨན་ཁང་གློག་པར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཧྥེང་ནི་ཚན་ཁག་གི་CTབརྟག་དཔྱད་ལ་བྱང་ཆུབ་པའི་སྨན་པ་འབའ་ཞིག་ཡིན་པའི་ངོས་ནས་རྩྭ་མདའ་རྫོང་མི་དམངས་སྨན་ཁང་དུ་རང་འགུལ་གྱིས་ཉིན་བདུན་རིང་ཉིན་མཚན་དབྱེར་མེད་ངང་CTབརྟག་དཔྱད་ཀྱི་ལས་འགན་འཁུར་གྱི་ཡོད་པས། དེས་གཟུགས་པོར་ཚོད་བགམ་ཆེན་པོ་ཞིག་བྱས་པ་ཡིན། ག་ནང་ལོ་13ལ་སོན་པའི་བུ་ཞིག་བསྐྱལ། སྐབས་དེར་བུ་དེ་ཁྲག་མང་པོ་བསྐྱུགས་ནས་ཉེན་ཁའི་གནས་སུ་ལྷུང་། དབྱང་ཞའོ་ཧྥེང་གིས་བུ་དེར་བརྟག་དཔྱད་བྱེད་སྐབས་ཁོ་པའི་ཁོག་པའི་ནང་དུ་ལྕགས་རིགས་ཡོད་པ་ཤེས། སྐད་ཆ་ཡང་ཡང་དྲིས་པ་བརྒྱུད། དེབ་གཟེར་ཁ་ཤས་མིད་ཁྱུར་ཤོར་བ་ཤེས་རྟོགས་བྱུང་ཞིང་། བརྟག་དཔྱད་དུས་ཐོག་ཏུ་བྱས་པས་བུ་དེར་སྐྱོབ་བཅོས་ནུས་ལྡན་ཐུབ་ནས་མགྱོགས་མྱུར་སྲོག་ཉེན་ལས་མཐར། CTབརྟག་དཔྱད་བྱེད་སྐབས་བོད་རིགས་སྤུན་ཟླ་འགའ་ཞིག་གིས་རྒྱ་སྐད་མ་ཤེས་པས་དབྱང་ཞའོ་ཧྥུང་གིས་ལས་ཞོར་དུས་ཚོད་སྤྱད་དེ་རང་འགུལ་ངང་བོད་སྐད་སྦྱངས་ནས་བོད་རིགས་སྤུན་ཟླ་དང་འབྲེལ་གཏུག་བྱེད་པའི་དཀའ་གནད་ཐག་གཅོད་ཐུབ་ཡོད། དབྱང་ཞའོ་ཧྥེང་རྩྭ་མདའ་རྫོང་མི་དམངས་སྨན་ཁང་དུ་ཐོག་མར་སླེབས་སྐབས་ཉིན་རེར་ཆ་སྙོམསCTབརྟག་དཔྱད་ཐེངས་གཉིས་གསུམ་ལས་ཟིན་གྱི་མེད། ཁོང་གི་འབད་བརྩོན་འོག་བརྟག་དཔྱད་བྱེད་ཐེངས་མང་དུ་ཕྱིན་ནས། ད་ཆ་ཉིན་རེར་མང་ཤོས་སུ་ནད་པ་ཉི་ཤུ་ལྷག་ཙམ་ལ་བརྟག་དཔྱད་བྱེད་ཀྱི་ཡོད།

ཆེད་ལས་ལ་བརྟེན་ནས་མ་བུའི་བདེ་ཐང་བསྲུངས་པ།

2023ལོའི་ཟླ་5ཚེས་24ཉིན་ནི་ཚའོ་ཚུའེ་ཡིང་རྩྭ་མདར་སླེབས་པའི་མཚན་མོ་དང་པོ་དེ་ཡིན་པ་དང་། ཆུ་ཚོད་23ཙམ་ལ་གློ་བུར་དུ་ཁ་པར་འབྱོར་ནས་གཉིད་ལས་སད། “རྒན་ཚའོ་ལགས། བུ་བཙའ་ཁང་ནང་གི་ཕྲུ་གུ་སྐྱེ་དཀའ་བའི་སྦྲུམ་མ་ཞིག་ལ་ཉེན་ཁ་ཆེན་པོ་འདུག”ཅེས་སྨན་གཡོག་ཅིག་གིས་དངངས་འཚབ་ཆེན་པོས་བཤད།

ངས་ལམ་སེང་ཡོང་ཆོག

ཚའོ་ཚུའེ་ཡིང་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་བུ་བཙའ་སྨན་ཁང་ནས་ཡིན་པ་དང་། བུ་བཙའི་ཚན་ཁག་གི་ཆེད་ལས་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད།

མུན་ནག་གི་མཚན་མོ་དང་། ཆ་རྒྱུས་མེད་པའི་ཁོར་ཡུག གསོ་རླུང་མི་འདང་བ་བཅས་ལ་སྣང་བ་གཏོང་ཁོམ་མེད་པར། ཇི་ལྟར་བྱས་ནས་སྦྲུམ་མ་དང་ཕྲུ་གུ་གཉིས་བདེ་བླག་ཡོང་བར་བསམ་བློ་འཁོར།

བུ་བཙའ་ཁང་དུ་སླེབས་སྐབས་ཚའོ་ཚུའེ་ཡིང་གིས་ལོ་20ལྷག་ཙམ་ལ་སླེབས་པའི་ནད་པ་ཞིག་མལ་ཁྲིའི་སྟེང་ཡོད་པ་དང་། སྐྲ་རློན་རྐྱང་ཆགས་པ་མ་ཟད། ན་ཟུག་གིས་བཟོད་མི་ཐུབ་པ་ཡོད་པ་ཞིག་མཐོང་། “ང་ཚོ་ཡོད་པས་སྐྲག་མི་དགོས། སེམས་ལྷོད་ལྷོད་ངང་དབུཌ་འབྱིན་རྔུབ་གྱིས་དང”ཞེས་ཚའོ་ཚུའེ་ཡིང་གིས་སྦྲུམ་མར་སེམས་གསོ་གཏོང་གིན་དུག་སེལ་དང་བརྟག་དཔྱད་སོགས་ཆུ་ཚོད་གཅིག་ལྷག་ཙམ་གྱི་རོགས་སྐྱོབ་བྱས་མཐར་སྦྲུམ་མར་བདེ་བླག་ངང་ཕྲུ་གུ་བཙས།

ནམ་ཡང་ས་མཐོར་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་པ།

2023ལོའི་ཟླ་5པར། ཧྲི་ཅ་ཀྲོང་གྲོང་ཁྱེར་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་ཀེང་ཅིང་ཐོག་མར་རྩྭ་མདར་འབྱོར་སྐབས་ས་མཐོ་མི་འཕྲོད་ནའང་ཁོང་གིས་བཟོད་བསྲན་བྱས་ནས་རྩྭ་མདའ་རྫོང་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་ལས་ཀར་མགྱོགས་མྱུར་རྒྱུས་མངའ་ལོན་ཐབས་བྱས།

2023ལོའི་ཟླ་8པའི་དགོང་མོ་ཞིག་ལ་ཀེང་ཅིང་གིས་ཁུན་མིང་ནས་ཡོང་བའི་བུད་མེད་ཡུལ་སྐོར་བ་ཞིག་ལ་ས་མཐོའི་རང་བཞིན་གྱི་གློ་བར་ཆུ་བསགས་ནས་གསོ་རླུང་30%ལས་མེད་པས་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད་པ་ཤེས། ཁོང་གིས་འཕྲལ་དུ་ནད་པ་དེར་གསོ་རླུང་རྔུབ་ཏུ་བཅུག་པ་སོགས་ཀྱི་སྨན་བཅོས་རབ་དང་རིམ་པ་བྱས་ཀྱང་ནད་པའི་ནད་རྟགས་ཡང་དུ་ཕྱིན་མེད།

ཀེང་ཅིང་གིས་ནད་པའི་ཚེ་སྲོག་སྐྱོབ་ཆེད། རྩྭ་མདའ་རྫོང་མི་དམངས་སྨན་ཁང་གི་ལོ་རྒྱུས་ཐོག་གི་དབུགས་འབྱིན་རྔུབ་འཕྲུལ་ཆས་ཐོག་མར་སྤྱོད་འགོ་ཚུགས་པ་དང་དུས་ཐོག་ཏུ་ནད་པ་ཉེན་ཁ་ལས་སྒྲོལ་རོགས་བྱས་པ་རེད། ཉིན་གཉིས་པར་ནད་པས་གང་མགྱོགས་བོད་ནས་ཁ་བྲལ་འདོད་བྱས་པས། ཀེང་ཅིང་གིས་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་བདེ་འཇགས་དང་ནུས་ལྡན་གྱི་ཇུས་གཞི་བཟོས་མཐར་ཡུལ་སྐོར་བ་བདེ་བླག་ངང་ཕ་ཡུལ་དུ་ལོག་ཐུབ་པ་རེད།

བོད་སྐྱོར་ལས་དོན་མཇུག་འགྲིལ་གྲབས་ཡོད་པས་ཀེང་ཅིང་དེ་སྔ་ལས་བྲེལ་བ་ཆེ་བ་ཡོད་ཅིང་། ཁོང་གིས“ངས་རྩ་ཆེའི་དུས་ཚོད་ལ་གཅེས་སྤྲས་བྱས་ནས་ཚང་མར་རང་ཉིད་ཀྱི་ཤེས་པ་དག་སྦ་གསང་སྤུ་ཙམ་ཡང་མེད་པར་བསླབས་ནས། རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན་ཏེ་ས་མཐོའི་རྒྱུན་མཐོང་ནད་རིགས་ཀྱི་ནད་བརྟག་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན”ཞེས་བཤད་པ་རེད།


  • ལེ་ཚན་སྔོན་མ།:ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭས་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་700ལས་བརྒལ་བ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ཟབ་གཏོང་གི་ཚོད་ལྟ་བྱ་ཡུལ་མང་དུ་གཏོང་རྒྱུ་ཡིན།
  • དོ་སྣང་ཆེ་བའི་རྩོམ།