མཚོ་སྔོན་ཞིང་ཆེན་གྱི་མྱུར་སྐྱེལ་ལས་སྒོ་གྲོང་ཚོར་ཁྱབ་ཚད་85%ཟིན་པ།

    མི་དམངས་ཉིན་རེའི་ཚགས་པར།    2024-03-21

ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་རྫོང་རིམ་པའི་གཅིག་སྡུད་མཛོད་ཁང་སྡེབ་སྐྱེལ་ལྟེ་གནས་22དང་གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཞབས་ཞུའི་ལྟེ་གནས་2275བསྐྲུན་པ་དང་། འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་བསྐུར་བཅས་གཅིག་སྡུད་ཀྱི་ལམ་ཐིག་22ཤར་གཏོང་བྱས་པར། མཉམ་ལས་ཀྱི་ལམ་ཚད་སྤྱི་ལེ་1275ཟིན་ནས་ཞིང་ཆེན་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོ་གྲོང་ཚོར་ཁྱབ་ཚད་85%ཟིན་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་འགྲིམ་འགྲུལ་ལ་བརྟེན་ནས་མི་དམངས་ཕྱུག་པོ་ཆགས་པའི་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པའི་ཐོག་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་ཡུལ་སྐོར། མང་ཚོགས་ཕྱིར་སྐྱོད་སོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་རིམ་རྩིས་བྱས་ན་ཡུལ་སྐོར་ལམ་དང་། ཐོན་ཁུངས་ལམ། ཐོན་ལས་ལམ། མཛེས་སྡུག་ལྡན་པའི་གྲོང་གསེབ་བགྲོད་ལམ་བཅས་སྤྱི་ལེ་900ལྷག་ཙམ་བསྐྲུན་པ་མ་ཟད། གྲོང་གསེབ་ཏུ་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་བསྐུར་བཅས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་བས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད། དེ་དང་དུས་མཚུངས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་ཡུལ་སྐོར་སོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ“འགྲིམ་འགྲུལ་དང་ཡུལ་སྐོར་ཟུང་དུ་འབྲེལ་བ”དང་། “འགྲིམ་འགྲུལ་དང་ཐོན་ལས་ཟུང་དུ་འབྲེལ་བ” “འགྲིམ་འགྲུལ་དང་དྲ་ཐོག་ཟོག་འགྲེམས་ཟུང་དུ་འབྲེལ་བ”སོགས་ཀྱི་ཇུས་འགོད་འདུ་ཤེས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་ཧུར་ཐག་ཁྱབ་པར་བྱས་ནས། འབྲེལ་ཡོད་སྡེ་ཚན་ཞུགས་པའི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་བསྐུར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་མཐུན་སྦྱོར་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་། “ས་ཚིགས་གཅིག་ལ་བྱེད་ནུས་མང་བ་དང་། དྲ་མང་མཉམ་སྤྱོད། གཅིག་གྱུར་དོ་དམ། གཅིག་སྡུད་སྡེབ་སྐྱེལ”བཅས་ཀྱི་འཛུགས་སྐྲུན་བསམ་ཕྱོགས་གཞིར་བཟུང་། བལྟོས་བཅས་བེད་མེད་དུ་ལུས་པའི་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དག་ཤང་དང་གྲོང་རྡལ་གྱི་སྐུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སུ་རིམ་སྤོར་སྒྱུར་བཀོད་བྱས་ནས་སྦྲག་ལས་མྱུར་སྐྱེལ་དང་འགྲུལ་སྐྱེལ་ཁེ་ལས་ལ་རིན་མི་དགོས་པར་སྤྱོད་རྒྱུར་སྤྲད་པ་རེད། གོང་ནས་རྫོང་དང་འོག་ནས་གྲོང་ཚོ་དང་འབྲེལ་བའི་བསྡུ་འགྲེམ་བརྒྱུད་སྤྲོད་བྱེད་ནུས་ཆེ་རུ་བཏང་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱིས་ཤང་དང་གྲོང་རྡལ་གྱི་སྐུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་15སྒྱུར་བཀོད་དང་བསྐྱར་དུ་སྤྱད་ཡོད།


  • ལེ་ཚན་སྔོན་མ།:2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་རིང་ཚད་སྤྱི་ལེ་ཁྲི460ལ་ཟིན།
  • ལེ་ཚན་རྗེས་མ།:ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭས་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་700ལས་བརྒལ་བ།
  • དོ་སྣང་ཆེ་བའི་རྩོམ།