ཕལ་བའི་མི།

བསྟན་པ་རྒྱལ་མཚན།        2024-03-25

དགའ་ན་ཆགས་པའི་སྐད་ཆ་ལྷུག་ལྷུག་ཏུ་བསྙད་པ།།

སྡང་ན་སོ་ཡིས་ཕན་ཚུན་ཙུག་ཙུག་ཏུ་འཆའ་བ།།

སྐད་ཆའི་རྣོ་སོ་ཙམ་ཡང་རང་ཕྱོགས་ལ་བསྐོར་ཚེ།།

སེམས་ཀྱི་ཡས་མས་ཐམས་ཅད་སྡུག་བསྔལ་གྱིས་གང་ཡོང་།།

གཞན་དག་བདེ་བའི་སྐད་ཆ་རྣ་ལམ་ལ་ཐོས་ཚེ།།

དགའ་བས་ཡི་རང་ངག་གི་སྒོ་མོ་ནས་ཐོན་ཡང་།།

གཞན་ཕན་གཉེར་བའི་སེམས་ལ་གོམས་པ་ནི་ཆུང་བས།།

རང་གི་བབ་ཀྱིས་ཡང་ཡང་བསྡུར་བ་ལ་ལོབས་འདུག།

ཆོས་བརྒྱད་འོད་ཀྱི་ཀོང་བུར་ཡང་ཡང་དུ་འཐམ་པའི།།

ཚེ་དང་སྲོག་གི་ཉེན་ཁ་རྒྱབ་ངོས་སུ་དོར་ཡང་།།

རྙེད་དང་བདེ་བ་འཐོབ་པའི་སློང་མོ་རུ་འདུག་པས།།

ཅི་ལྟར་འབད་ཀྱང་ཚེ་གང་གཡོག་ལས་སུ་ཟད་འདུག།

འདས་པའི་དུས་ལ་ཕྱི་མིག་ཅེར་ཅེར་དུ་ལྟ་བ།།

མ་འོངས་དོན་ལ་མངོན་སུམ་ཐོགས་མེད་དུ་རྒྱུགས་པའི།།

ད་ལྟའི་སྐབས་ལ་བླང་དོར་འཁྲུལ་མེད་དུ་བྱེད་པའི།།

ཤེས་ཆེན་དཔྱོད་ཡངས་མིན་པའི་ལྟོ་རྒྱབ་ཀྱི་གཡོག་པོ།།

ཚོར་བ་ལུས་ལས་ཆད་པའི་བྱིས་པ་ལྟར་གཉོར་ནས།།

གཅེས་ལང་དྲགས་པའི་བུ་བཞིན་དགའ་སྡུག་ལ་བལྟས་ནས།།

ཚེ་ཡི་ཕྱེད་ཙམ་ཟིན་ཀྱང་ངོ་སོ་ནི་མ་རྙེད།།

ད་དུང་ཨུ་ཚུགས་གཡག་གི་སྙིང་ཁམས་ལྟར་སྐྱོང་བཞིན།།

ཐོབ་ན་ལེན་པར་འདོད་པའི་ལག་རིང་དེ་བསྲིངས་ལ།།

མི་འདོད་ཐོག་ཏུ་འབབ་པར་གཡོལ་ཐབས་ལ་བསམས་ནས།།

བདེ་བ་ཁབ་རྩེ་ཙམ་པོ་འཐོབ་པ་ལ་རེ་ནས།།

ལུས་དང་སེམས་ཀྱི་གཞི་ལ་རྨ་ཁ་ཡིས་གང་སོང་།།

བླང་དོར་མིག་འབྲས་བཞིན་དུ་ནན་ཏན་གྱིས་སྐྱོང་བའི།།

སྐྱེས་བུ་མདུན་དུ་ལྷགས་ཀྱང་སྐྱོན་ཆ་ཞིག་རིག་པའི།།

དག་པའི་ཡུལ་ལས་ལྡོག་ནས་ཐ་མལ་དུ་མཐོང་བའི།།

མུན་པའི་སྨག་ལ་སྒྲོན་མེའི་གཟི་མདངས་དེ་ཆད་སོང་།།

ལྷད་མེད་དྲི་མ་བྲལ་བའི་འོད་ཅན་གྱི་མིང་ཟུང་།།

ཡ་ཁུང་སྣབས་ལུད་འཇིབ་ཅིང་གསེག་གསེག་ཏུ་འཕྱི་བའི།།

རྒན་དང་འཕྲད་ཚེ་ལྕེ་བསྣར་མགོ་བོ་དེ་འཕྲུག་པའི།།

སློབ་མ་མཐོང་ཚེ་ཆུང་དུས་རང་ཉིད་ཀྱང་དྲན་ཡོང་།།

ས་རུ་དྲུད་ནས་གང་སར་གཡུག་གཡུག་རང་བྱེད་པའི།།

དཔེ་ཁུག་ཅན་གྱི་རིག་པར་སྤྲོ་བ་ནི་མེད་པའི།།

ཕུགས་ཀྱི་གཏད་སོ་གང་དང་འདི་ཡིན་ནི་སྟོར་བུའི།།

སྨྲ་ཉུང་སློབ་བུ་མཐོང་ན་རང་ཉིད་ཀྱང་དྲན་ཡོང་།།

ཁྱིམ་གྱི་སོ་ཚིས་འབད་པའི་འདར་འདར་གྱི་རྒན་པོས།།

འཁོར་བའི་འདུག་ཆས་སྒྲུབ་པའི་ངར་ཤུགས་དེ་མཐོང་ཚེ།།

ནམ་ཞར་བརྩེ་བའི་མིག་གི་ཡང་ཡང་དུ་བསྐྱངས་པའི།།

ཤ་དང་ཁྲག་གི་སྦྱིན་པོ་ཕ་མ་དེ་དྲན་བྱུང་།།

ཁྱིམ་ཚང་གང་གི་རེ་བའི་མཆེད་པོ་དང་མཉམ་དུ།།

ཚར་མེད་འཁོར་བའི་ཁུར་པོ་ཕྲག་ཀོང་ལ་བཏེགས་ནས།།

ལན་ཚྭའི་ཆུ་བཞིན་རྙེད་བདེ་གྲགས་བསྟོད་དེ་གཉེར་ནས།།

སྲིད་པའི་འདབ་རྫབ་རྙོག་པོར་གོག་ན་ཡང་བསམ་བྱུང་།།

ལྷད་མེད་འཛུམ་མདངས་རྒྱས་པའི་ཞལ་ངོ་དེ་སྟོན་པའི།།

ངག་འཇམ་དྲོད་ཁོལ་རྒྱས་པའི་ལག་ཟུང་ལ་འཇུས་ནས།།

སྲོད་ལ་ཉ་གང་ཟླ་བ་སྒོར་སྒོར་དེའི་འོག་ནས།།

ཟུག་སྐད་རླུང་གིས་འཁྱེར་བའི་ལྷས་སྣེ་རུ་ཐུག་འདོད།།

དབང་པོའི་སྒོ་ལ་འདུ་འཛིའི་སྐད་ཅོར་གྱི་སྟོང་བའི།།

གུ་ཡངས་ལྷོད་པོའི་ཚང་ཚིང་ལྗོན་ཤིང་གི་ཚལ་ནས།།

བྱ་དང་ཆུ་ཡི་སྒྲ་སྙན་རང་བྱུང་དུ་གྲག་པའི།།

ཁང་ཆུང་ནང་དུ་རྐང་པ་རང་མོས་སུ་བརྐྱངས་ན།།

རྒོད་པོའི་གཤོག་པའི་རྩལ་གྱིས་གང་འདོད་དུ་འཕུར་བའི།།

སྐྱེ་འཆིའི་གཤོང་སར་རྒྱ་སྟག་ཁྲ་བོ་བཞིན་མཆོངས་པའི།།

ལས་ཀྱི་ལན་ཆགས་ཐུ་བའི་ཐལ་རྡུལ་བཞིན་དཀྲོགས་ནས།།

ཆོས་ཉིད་དོན་གྱི་བདེན་པའི་ངོས་ཞལ་ཉིད་འཇལ་ན།།

གཞོགས་ཕྱེད་རི་ལ་བསྙེས་པའི་རྟ་བདུན་གྱི་དབང་པོ།།

ཡངས་པའི་ཐང་གི་འཇག་སྐྱའི་རྩེ་མོ་ནས་བཞུད་པས།།

ལྷོག་ལྷོག་གནམ་ལ་མཆེད་པའི་སྦྲ་རྒན་གྱི་དུད་ནག།

བསིལ་བསིལ་རླུང་བུ་སེམས་ཀྱི་ལྟེ་ཁུག་ཏུ་སྤུར་ཡོང་།།

མ་མཐོང་འཆི་བའི་མཐའ་མ་སེམས་ངོས་སུ་ལྷུང་ཡོང་།།

མི་རིང་བྲལ་བའི་ཡབ་ཡུམ་ངེས་མེད་དུ་གྱར་འགྲོ།།

རང་ཡང་ཡུན་ཐུང་ཚེ་འདིའི་མགྲོན་པོ་ཙམ་ཡིན་པས།།

རྟོག་པའི་འགྱུ་བ་སྣ་ཚོགས་མུན་པ་བཞིན་འཐིབ་ཡོང་།།

གང་དང་གང་ལ་བཟུང་བའི་བསམ་ཚུལ་དེ་མང་ལ།།

ལྟ་བའི་ཟུར་གྱིས་རང་རང་བདེན་པ་རུ་ཆས་འགྲོ།།

མྱོང་བ་མེད་པའི་སྐད་ཆ་བདེན་བདེན་ལྟར་སྣང་ཡང་།།

སྐྱོན་དང་འཁྲུལ་བར་བཤད་ནས་དགག་པ་ནི་ནོར་རོ།།

དྲང་མོར་བསྙད་པར་འདོད་པའི་སྐད་ཆ་དེར་བསམས་ན།།

རང་དང་རང་གི་ཕྱོགས་སུ་ཡོ་བ་ནི་ཆེ་བས།།

སེམས་ཀྱི་འཐེན་འཁྱེར་དེ་ཉིད་སྤྱོད་པ་ལ་ཞུགས་ཚེ།།

བདག་ཏུ་འཛིན་པའི་རྩ་བ་དམ་ཧྲུག་ཏུ་གྱུར་སོང་།།

བཤད་པ་ལྕེ་ལ་རྣོ་བའི་མྱུར་ཞགས་ནི་ཐོན་རུང་།།

རང་ཉིད་འཛིན་པའི་ཞེན་པའི་རྩ་བ་ནི་མཐུག་པས།།

བརྡ་དང་ཚིག་གི་རྩལ་གྱིས་ཡང་ཡང་དུ་གབ་ཀྱང་།།

རང་ཉིད་འཛིན་པའི་སྣེ་མོ་མཐའ་སོ་ནས་དྲུད་བྱུང་།།

འཁོར་བའི་སྣ་ཚོགས་བྱིས་པའི་རྩེད་འཇོ་རུ་མཐུན་ཞིང་།།

ཧར་གཏམ་གཅམ་བུའི་རྣོ་སོ་ཁེ་ཕན་ལ་བསྐོར་ནས།།

བརྩེ་ཞིང་དུངས་བའི་སྐད་ཆ་དབང་མེད་དུ་བཙིར་ནས།།

ཁ་སེམས་གཉིས་པོ་ལམ་གྱི་སུམ་མདོ་རུ་གྱེས་པ།།

ཟང་ཟིང་རྣ་ཅོ་དཀྲོགས་པའི་འདུ་འཛི་ཡི་གྲོང་ཁྱེར།།

རབ་རིབ་མིག་གི་མཐོང་སྣང་སྣ་ཚོགས་སུ་ཤར་བས།།

སྣང་མེད་ཡང་བའི་མི་ནི་རྣམ་གཡེང་གིས་ཁྱེར་དེ།

སྟོན་ཀའི་རྩྭ་བཞིན་སྤུར་བའི་ལས་དབང་དེ་སྐྱོ་བ།།

སྔོ་ལྗང་གཡུ་ཡི་མེ་ལོང་རི་ཐང་ནས་རྒུད་པས།།

འཕྲལ་གྱི་མཛེས་པ་དུས་དང་ནམ་ཟླ་ཡིས་བཅོམ་སོང་།།

སིལ་སིལ་ཁ་བ་དཀར་པོ་ནམ་མཁའ་རུ་གཏོར་རྗེས།།

ལོ་ཡི་འཁོར་མོ་སྐད་ཅིག་སྐད་ཅིག་ཏུ་ཡལ་སོང་།།

ཤེས་བྱའི་འདོར་ལེན་ལོ་གྲངས་བཅུ་ཕྲག་ལ་འབད་ཀྱང་།།

ཡིན་མིན་ཁོ་ཐག་ཆོད་པའི་རྩ་བ་ནི་མ་མཐོང་།།

གང་ལ་གཏད་སོ་མེད་པར་རང་དགར་ལ་འཁྱམ་པའི།།

སེམས་ཀྱི་ཁེངས་པ་སྐྱོ་བས་གཉོམ་ཆུང་དུ་བཏང་བྱུང་།།

ཞེ་བློར་འབབ་པའི་མཐེ་བོང་གྱེན་ཕྱོགས་སུ་གཟེངས་ནས།།

བཟང་དང་འགྲིག་ཅེས་སྐད་ཆ་རྣ་ལམ་དུ་བརྒྱུད་ཀྱང་།།

རང་བློ་ནང་དུ་འཁོར་ནས་ཡང་ཡང་དུ་བལྟས་པས།།

བསམ་སྣང་ལོ་གསུམ་བྱིས་པའི་རྩེད་འཇོ་དང་མཐུན་འདུག།

ངམ་ནག་འཁོར་བའི་ཚེགས་ཀྱིས་ཕྲག་པ་རུ་མནན་པས།།

བཟུར་བའི་ལས་ལ་གཡོལ་བའི་ཐབས་ལམ་ནི་མེད་པས།།

པུས་མོ་ས་ལ་བཞག་སྟེ་ཙོག་པུ་ལ་འདུག་པའི།།

གོམས་པའི་ལུགས་ལ་བྲན་གྱི་གཤིས་ཀ་ཞིག་འདུག་ཨང་།།


  • ལེ་ཚན་སྔོན་མ།:ཁྲུང་ཁྲུང་དཀར་མོ།
  • ལེ་ཚན་རྗེས་མ།:ཁྱེད།