ཁྱེད།

ཨོ་ཏོག་བསྟན་ཉི།        2024-03-25

          ནག་ནོག་དྲི་མས་མ་སྦགས་དཀར་ཞིང་གཙང་བའི་གངས་རི་ཁྱེད། །

འཇིག་རྟེན་གོ་ལ་འདི་ཡི་རྟེན་ཕུར་ཡིན་ལ་མཛེས་རྒྱན་ཡིན། །

གངས་རི་དཀར་པོ་མ་ཞུ་ཡུན་ནས་ཡུན་དུ་བཞུགས་གནང་དང་། །

ང་ཚོའི་སྲོག་གི་མ་རྩ་ཁྱེད་དང་འབྲེལ་ནས་གནས་བཞིན་ཡོད། །

བཏུང་ན་ཁ་ལ་ཞིམ་ཞིང་རོ་བཅུད་ཆེ་བའི་ཆུ་མོ་ཁྱེད། །

ས་ཆེན་གོ་ལ་འདི་ཡི་མིག་ཆུ་ཡིན་ལ་རྒྱན་ཆ་ཡིན། །

གཙང་ཆབ་སྔོན་མོ་མ་ཉོག་ཡུན་ནས་ཡུན་དུ་བཞུགས་གནང་དང་། །

ང་ཚོའི་ཚེ་ཡི་རྩ་བ་ཁྱེད་དང་འབྲེལ་ནས་གནས་བཞིན་ཡོད། །

བལྟས་ན་རྔམ་བརྗིད་ལྡན་ཞིང་དགུང་ལ་ཟུག་པའི་ཤིང་སྡོང་ཁྱེད། །

འཛམ་གླིང་གོ་ལ་འདི་ཡི་བ་དན་ཡིན་ལ་ཕྲ་རྒྱན་ཡིན། །

རེ་བའི་སྡོང་པོ་མ་གཅོད་ཡུན་ནས་ཡུན་དུ་བཞུགས་གནང་དང་། །

ང་ཚོའི་དབུགས་རྒྱུན་ཁྱེད་དང་འབྲེལ་ནས་གནས་བཞིན་ཡོད། །

ཡངས་ཤིང་རྒྱ་ཁྱོན་ཆེ་བའི་ནོར་ལུག་འཚོ་སའི་རྩྭ་ཐང་ཁྱེད། །

ཟླུམ་གཟུགས་གོ་ལ་འདི་ཡི་བྲང་གཞུང་ཡིན་ལ་རྣ་རྒྱན་ཡིན། །

རྩྭ་ཐང་སྙིགས་ཀྱིས་མ་འགེངས་ཡུན་ནས་ཡུན་དུ་བཞུགས་གནང་དང་། །

ང་ཚོའི་གནས་མལ་ཁྱེད་དང་འབྲེལ་ནས་འཚོ་བཞིན་ཡོད། །

དྲི་མེད་ལྷ་དར་དཀར་པོ་འདྲ་བའི་སྤྲིན་གྱི་བུ་མོ་ཁྱེད། །

ས་གཞི་རིལ་མོ་འདི་ཡི་ཕོ་ཉ་ཡིན་ལ་ལེགས་བྱེད་ཡིན། །

ཆུ་འཛིན་སྦགས་ཀྱིས་མ་གཡོགས་ཡུན་ནས་ཡུན་དུ་བཞུགས་གནང་དང་། །

ང་ཚོའི་མཁའ་དབུགས་ཁྱེད་དང་འབྲེལ་ནས་འཚོ་བཞིན་ཡོད། །

ཆེ་རྒྱུ་མེད་ལ་ཆུང་རྒྱུ་མེད་པའི་ང་ཚོའི་ནམ་མཁའ་ཁྱེད། །

ནམ་ཡང་དཀར་ཞིང་གཙང་བའི་ཁ་བཏགས་ནང་བཞིན་གནས་དགོས་ལགས།།

ནམ་ཡང་དྲི་མ་མེད་པའི་གངས་ཆུ་ཇི་བཞིན་གནས་དགོས་ལགས། །

ནམ་ཡང་བདེ་ཐང་ལྡན་པའི་ང་ཚོའི་ནམ་མཁའ་བྱེད་དགོས་ལགས། །


  • ལེ་ཚན་སྔོན་མ།:ཕལ་བའི་མི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།