འཁོར་བའི་ནང་སྙིང་།

བོད་ཚྭ་ཁུ།        2024-03-27

སེམས་ཀྱི་འདབ་ལག་ན་འཁོར་བའི།།

སྙིང་ཆུང་དྲན་ཤིང་གི་ལྷ་ལྕམ།།

འགྲོ་འདུག་བར་མཚམས་ཀྱི་ཞོར་ནས།།

ཁྱེད་ཞལ་སེམས་ངོགས་ལ་སྦས་ཡོད།།

རིན་ཆེན་གསེར་མིག་གི་ཞོགས་ནས།།

ལྷ་ཤིང་ལྗོན་ཤིང་གི་བབ་ལ།།

མ་བྲིས་རང་བྱུང་གི་ཨ་ཡིག།

བརྩེ་བའི་ཁ་ལག་ལ་འཐིམས་སོང་།།

དད་པའི་ཨ་ལོང་གི་ཁ་རུ།།

མཆོད་པའི་ལྷ་རྫས་དེ་མིན་ཡང་།།

འདང་ཆེན་སྙིང་གཏམ་གྱི་ཁ་ཕུད།།

ཁྱེད་རང་མ་གཏོགས་ཤིག་མི་འདུག།

ལས་ཀྱི་ལྗོན་འདབ་ལ་འཁྲི་བའི།།

རུ་སྡེ་ཕྲ་ཚོམ་གྱི་ནང་སྙིང་།།

དྲན་པའི་སྒོ་ཆེན་ལ་འཇུ་བའི།།

དྲིལ་ཆུང་ཁྱེད་རང་ལས་མ་བྱུང་།།


  • ལེ་ཚན་སྔོན་མ།:རང་འཐག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།