མི་དམངས་དྲ་བ་ནས་དྲངས། 2024-03-26
▲ 2023ལོར་རང་རྒྱལ་གྱི་ཆུ་སྤྱོད་པའི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་6000ཙམ་རྒྱུན་འཁྱོངས་ཐུབ་ཡོད།
▲ 2014ལོ་དང་བསྡུར་ན་2023ལོའི་སྒོར་ཁྲིའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཆུ་སྤྱོད་ཚད་དང་སྒོར་ཁྲིའི་བཟོ་ལས་ཀྱི་འཕར་ཐང་གི་ཆུ་སྤྱོད་ཚད་41.7%དང་55.1%སོ་སོར་ཆག་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཆུ་བེད་སྡེ་ཚན་གྱིས“ཆུ་གྲོན་ཆུང་སྔོན་འཇོག་དང་། བར་མཐོངས་དོ་མཉམ། མ་ལག་བཅོས་སྐྱོང་། ཕྱོགས་གཉིས་དམ་འཛིན་བཅས་ཀྱི་ཆུ་བཅོས་སྐྱོང་གི་བསམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་ཆུ་བཅོས་སྟངས་དེ་གྲོན་ཆུང་དང་ལེགས་བསྡུས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པ་ལས་མངོན་པར། 2023ལོར་རང་རྒྱལ་གྱི་ཆུ་སྤྱོད་པའི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་6000ཙམ་རྒྱུན་འཁྱོངས་ཐུབ་ཡོད། དེ་ཐོག་ནས་2014ལོ་ནས་བཟུང་རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ལྡབ་གཅིག་ཙམ་འཕར་བའི་གནས་ཚུལ་འོག་ཆུ་སྤྱོད་པའི་བསྡོམས་འབོར་དེ་སྤྱིའི་ཆ་ནས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་6100ནང་ཚུན་དུ་བརྟན་པོ་བྱུང་བ་དང་། 2014ལོ་དང་བསྡུར་ན་2023ལོའི་སྒོར་ཁྲིའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་ཆུ་སྤྱོད་ཚད་དང་སྒོར་ཁྲིའི་བཟོ་ལས་ཀྱི་འཕར་ཐང་གི་ཆུ་སྤྱོད་ཚད་41.7%དང་55.1%སོ་སོར་ཆག་ཡོད་པ་མཚོན་གྱི་ཡོད། རྒྱལ་ཡོངས་ཀྱི་ཆུ་སྤྱོད་པའི“རྩིས་ཁྲའི”ནང་གི་འགྱུར་ལྡོག་ལས་ཆུ་ཡག་པོ་སྤྱོད་ཚད་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་པ་མཚོན་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་ར་སྤྲོད་ཐུབ་ཡོད།
ཆུ་སྤྱོད་པའི་བསྡོམས་འབོར་སྤྱིའི་ཆ་ནས་བརྟན་པོ་ཡོང་དོན་ནི་ཞིང་ལས་ཀྱི་ཆུ་གྲོན་ཆུང་བྱས་ནས་ཕན་འབྲས་ཆེ་རུ་བཏང་བས་རེད། ཞིང་ལས་ལ་ཆུ་སྤྱོད་ཚད་ཀྱིས་རྒྱལ་ཡོངས་ཀྱི་སྤྱིའི་ཆུ་སྤྱོད་ཚད་ཀྱི་60%ཡན་བཟུང་ཡོད། ཆུ་བེད་སྡེ་ཚན་གྱིས་ཞིང་ལས་ལ་ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་རྒྱུ་འཕེལ་རྒྱས་ཤུགས་ཆེན་དང་ཞིང་ཆུ་འདྲེན་ཁུལ་གྱི་དོ་དམ་ནུས་པ་ཆེ་རུ་བཏང་བས་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་རྒྱ་ཁྱོན་མུའུ་དུང་ཕྱུར་9ཟིན་གྱི་ཡོད། ཞིང་ནང་དུ་ཆུ་འདྲེན་པའི་ཕན་འབྲས་མཚོན་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཞིང་ཁར་འདྲེན་པའི་ཆུ་ཕན་འབྲས་ཐོན་པར་སྤྱོད་པའི་གཞི་གྲངས་དེ་2014ལོའི་0.530ནས་2023ལོའི་0.576བར་འཕར་ཡོད། རྨོ་ཞིང་ལ་ཆུ་འདྲེན་པའི་མུའུ་རེའི་ཆ་སྙོམས་ཆུ་སྤྱོད་ཚད་དེ་2014ལོའི་སྨི་རྒྱ་དཔངས་གྲུ་བཞི་402ཡིན་པ་ནས་2022ལོའི་སྨི་རྒྱ་དཔངས་གྲུ་བཞི་364བར་ཆག་ཡོད། འབྲུ་རིགས་ལ་ལོ་བསྟུད་མར་ལོ་ལེགས་བྱུང་བའི་གནས་ཚུལ་འོག རྒྱལ་ཡོངས་ཀྱི་ཞིང་ཁར་ཆུ་འདྲེན་པའི་བསྡོམས་འབོར་འཕར་སྣོན་བྱུང་མེད།
ཆུ་སྤྱོད་པའི་བསྡོམས་འབོར་སྤྱིའི་ཆ་ནས་བརྟན་པོ་ཡོང་དོན་ནི་བཟོ་ལས་ཀྱི་ཆུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བྱས་པས་རེད། མིག་སྔར་རང་རྒྱལ་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྲིད་འཛིན་ཁུལ་ལ་ཁྱབ་པའི་ཆུ་སྤྱོད་པའི་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་དམིགས་ཚད་མ་ལག་བཙུགས་ཡོད་པ་དང་། རྨ་ཆུ་རྒྱུག་ཁུལ་དང་། ཅིང་ཅིན་ཅི་ས་ཁུལ། འབྲི་ཆུའི་དཔལ་འབྱོར་ཁུལ་བཅས་གཞི་ཁྱོན་ཡན་གྱི་བཟོ་ལས་ཞབས་ཞུའི་ལས་རིགས་ཀྱི་ཆུ་སྤྱོད་ཚན་པར་འཆར་གཞིའི་ཆུ་སྤྱོད་པའི་དོ་དམ་ཁྱོན་ཡོངས་ལ་ཁྱབ་ནས་རིམ་རྩིས་བརྒྱབ་ན་ཆུ་གྲོན་ཆུང་རྣམ་པའི་བཟོ་ལས་ཁེ་ལས་ཁྲི་2.1བསྐྲུན་ཡོད། 2023ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཆུ་བསྐྱར་དུ་སྤྱོད་ཚད་93%ཡན་ཟིན་ཡོད།
ཆུ་སྤྱོད་པའི་བསྡོམས་འབོར་སྤྱིའི་ཆ་ནས་བརྟན་པོ་ཡོང་དོན་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་གྲོན་ཆུང་བསྲི་ཚགས་བྱས་པའི་འབྲས་བུ་རེད། མིག་སྔར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཀྱི་ཚད་གཞི་ལོན་པའི་རྫོང་1763དང་ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར་145འཛུགས་སྐྲུན་བྱས་པ་དང་། ཆུ་གྲོན་ཆུང་རྣམ་པའི་མཐོ་སློབ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། རིམ་རྩིས་བྱས་ན། གན་རྒྱའི་ཆུ་གྲོན་ཆུང་དོ་དམ་རྣམ་གྲངས་714ལག་ལེན་བསྟར་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་95གཏོང་རྒྱུའི་ཁྲིད་སྟོན་བྱས་ཡོད། 2023ལོར་གྲོང་ཁྱེར་གྱི་སྤྱི་པའི་ཆུ་མཁོ་སྤྲོད་ཀྱི་མདོང་ལམ་ནས་ཆུ་ཤོར་ཚད་10%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།
ཆུ་བེད་སྡེ་ཚན་གྱིས་སྔོན་ལ་ཆུ་གྲོན་ཆུང་གི་བྱེད་ཕྱོགས་མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་གཏིང་ཟབ་སྤེལ་ཡོད། ཞིང་ལས་དང་། བཟོ་ལས། གྲོང་ཁྱེར་དང་གྲོང་རྡལ་སོགས་ཀྱི་ཁྱབ་ཁོངས་དེ་རྒྱུན་མཐུད་ཆུ་གྲོན་ཆུང་གི་གཙོ་གནད་དུ་བྱེད་པ་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་གྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ངང་སྤྱོད་པའི་ནུས་པ་ཆེ་རུ་གཏོང་བ། ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10