རང་འཐག།

བཙན་རྒོད།        2024-03-27

མཚན་དགུང་ན།

ཆེ་ཆུང་གི་སྐར་མས་གཡོ་ཁྲམ་གྱི་མིག་

བཙུམ་དགོད།

ཆུ་རྐ་ན།

སྔ་རྟིང་གི་ཆུ་མོས་མགྱོགས་དལ་གྱི་

བང་རྩལ་འགྲན།

འོག་གཤམ་ན།

གཡས་གཡོན་གྱི་རྒྱུག་ཆུས་འཁྲུག་

རྩོད་ཀྱི་ཆག་སྒྲ་སྒྲོག།

རྩམ་ཁང་ན།

སྟེང་འོག་གི་རྡོ་ལེབ་འཛིང་རེས་ཀྱིས་

ཐག་སྒྲས་ཁེངས།

གྲོ་སྒྱེའི་ནང་།

དཀར་ནག་གི་འབྲུ་རིགས་ཨུ་ཚུགས་ཀྱི་

ཡང་དོག་རྩོད།

གཟིམ་མལ་ན།

རྒན་གཞོན་གྱི་གཉེར་པས་རྔུར་སྒྲ་ལ་

རྩོད་པ་བསྡུར།

མདོར་ན། རང་འཐག།

གཞན་ཕན་གྱི་ལས་དོན་གཉེར་མཁན་

དེའི་མཐའ་འཁོར་ན་ཞེ་སྡང་དང་

འགྲན་རྩོད་ཀྱིས་ཁེངས་འདུག།

ད་དུང་། རང་འཐག།

ལྷག་བསམ་གྱི་གཞན་དོན་སྒྲུབ་མཁན་

དེར་ཕྲག་དོག་དང་ང་རྒྱལ་

བྱེད་མཁན་གྱིས་ཁྱབ་འདུག།

མ་ཟད། རང་འཐག།

ཁེ་ཕན་དེ་གཞན་ལ་ཕུལ་མཁན་

དེར་རང་དོན་ཐག་གཅོད་ཀྱི་

རང་དག་གི་མིང་ངན་ཡང་

བཏགས་འདུག།

དེ་བས། རང་འཐག།

ཁྱེད་ཀྱི་དྲིན་ལ་བསམ་ཤེས་མེད་

ཅིང་གློག་འཐག་ཁྱེད་ལས་

ཡག་ལུགས་ཀྱང་བརྗོད་

བཞིན་མཆིས།

མདོར་ན། རང་འཐག།

ཉིད་ཀྱི་བཀའ་དྲིན་གཞན་གྱི་མི་ཚོར།

དེས་ན། རང་འཐག།

ཁྱེད་ད་དུང་ཁ་མི་གྲག་དོན་ཅི།

འོ་ན། རང་འཐག།

ཁྱེད་དཀར་ནག་གོ་འཛོལ་གྱི་ཞྭ་

མོ་ནག་པོ་ལ་དགའ་འམ།

ཡང་མིན་ན། རང་འཐག།

ཁྱེད་དྲང་བདེན་མེད་པའི་འཁོར་

བར་ཞེ་ལྡོག་གམ།

ཀྱེ་མ། རང་འཐག་ཡ་རང་འཐག།

ཁྱེད་ཀྱི་ལས་དབང་ལ་ཐེ་ཚོམ་རེ་སྐྱེ་ཡང་སྐྱེ།

ཨེ་མ། རང་འཐག་ཡ་རང་འཐག།

ཁྱེད་ཀྱི་ལྷག་བསམ་ལ་ཡིད་སྨོན་

རེ་འཆོར་ཡང་འཆོར།

ཀྱེ་ཧུད། རང་འཐག་ཡ་རང་འཐག།

འགྱུར་མེད་ཀྱི་ཆོས་ཉིད་སྐྱོ་པོ་ལ་

མནོ་བསམ་རེ་འཁོར་ཡང་འཁོར།

ཨ་ཧོ། རང་འཐག་ཡ་རང་འཐག།

མི་རྟག་རྒྱུད་ལ་འཁྲུངས་པའི་གནང་

སྟངས་ལ་ཧང་རེ་སངས་ཀྱང་སངས།

ཨ་ལས། རང་འཐག།

ཁྱེད་ཀྱི་ཐུགས་སེམས་དང་ལྷག་བསམ་ལ་ང་

ཡིས་གོ་བ་ཏོག་ཙམ་ཞིག་ལོན་སོང་བ་འདྲ།

འོན་ཀྱང་། རང་འཐག།

ཁྱེད་ཀྱི་ཐུགས་སེམས་དང་ལྷག་བསམ་

ལ་ང་ཡིས་སྙིང་པོ་ཏིལ་ཙམ་ཡང་

རྟོགས་མེད་པ་འདྲ།

གང་ལྟར། རང་འཐག།

ཁྱེད་ནི་རྒྱུ་འབྲས་དང་རྣམ་སྨིན་ལ་

ཡིད་ཆེས་ཀྱང་གནང་བཞིན་

པའི་བདེན་པའི་རྒྱབ་ལངས་ཀྱང་རེད།

ཡིན་ཡང་། ཀྱེ་ཀྱེ། རང་འཐག།

ཁྱེད་སྔར་བཞིན་རང་འཐག་

བྱེད་འདོད་དམ།

ཁྱེད་སྔར་བཞིན་རང་འཐག་དེ་ཡིན་ནམ།

མ་ཟད། ཀྱེ་ཀྱེ། རང་འཐག།

ཁྱེད་མུ་མཐུད་དེ་རང་འཐག་

བྱ་སྲིད་དམ།

ཁྱེད་མུ་མཐུད་དེ་རང་འཐག་

དེ་ཡིན་ནམ།

ཧེ་ཧེ། མ་གསང་དྲང་པོ་

ཞུས་ན། རང་འཐག།

དྲང་བདེན་དང་བདེན་དོན་ལ་

དམིགས་བཞིན་པའི་ང་།

ཁྱེད་ལ་ཅི་འདྲའི་སྨོན་ཨང་།

ཅི་སྟེ། རང་འཐག།

ལོ་རྒྱུས་ཀྱི་སྲུབ་ཁ་ན་ཞིབ་འཇུག་

པས་སྣང་འཇོག་མེད་པས།

ཁྱེད་ཀྱི་དམིགས་འདུན་ལ་བཀག་

རྒྱ་དང་རྙོག་དྲ་བཟོ་མཁན་མེད།

ཡིན་ཡང་། རང་འཐག།

ཁྱེད་ལ་ལོ་རྒྱུས་ལྡན་ཞིང་ཉམས་

མྱོང་གིས་ཕྱུག།

ངོ་མ། རང་འཐག། ངས་ཁྱེད་ལ་ཡི་

རངས་ཞུ།

ཅི་སྟེ། མི་སེར་ལ་དགོས་ངེས་དང་

མཁོ་ངེས་ཀྱི་ཉམས་ཆུང་གི་ཞབས་

ཞུ་མཁན།

མ་ཟད། རང་འཐག།

གནའ་བོའི་བཞིན་རས་དང་

ཆགས་འཇིག་ངོ་མ་གཟིགས་

མྱོང་བའི་དུས་རབས་ཀྱི་ཤན་འབྱེད་པ།

ཨེ་མ། ཨ་ཧོ། རང་འཐག།

སོ་ནམ་པའི་མགོན་སྐྱབས་ཅི་འདྲའི་

བསོད་ནམས་ཆེ་བ་ཞིག་ཨང་།

ཨ་མ་མ་མ། རང་འཐག།

རང་ཐག། རང་དག།

རང་བརྟགས།

ཧ་ཧ། མ་དྲང་རྫུན་ཞིག་

ཞུས་ན། རང་འཐག།

འཁྱོག་བརྗོད་དང་ཆེ་བསྟོད་ལ་

དགའ་བའི་ངས་ཁྱེད་ཅི་འདྲའི་

ཡ་ང་བར་སྣང་ཨང་།

ཅི་སྟེ། རང་འཐག།

ལོ་རབས་ཀྱི་རྨ་ཁ་ན་དཔྱད་ཞིབ་

པས་དོ་སྣང་མེད་རྐྱེན་རོ་སྙིགས་

སུ་འགྱུར་བཞིན་མཆིས་ཨང་།

ཡིན་ཡང་། རང་འཐག།

ཁྱེད་ལ་དུས་ཚིགས་དང་བྱུང་

རབས་མང་ཡང་བགྲེས་སོང་

ནད་པ་ཞིག།

ངོ་མ། རང་འཐག། ངས་ཁྱེད་ལ་

ཐུ་ལུད་འདེབས།

ཅི་སྟེ། མི་དམངས་ལ་དགོས་

མེད་དང་མཁོ་མེད་ཀྱི་སྡར་

མ་ཡི་དཔའ་མེད་མཁན།

མ་ཟད། རང་འཐག།

སྔ་མོའི་བཞིན་རས་དང་ཆགས་

འཇིག་དྲང་པོར་གཟིགས་

ཀྱང་བརྗོད་མི་ནུས་པའི་ལོ་

རབས་ཀྱི་ངོ་ལོག་པ།

ཀྱེ་མ། ཀྱེ་ཧུད། རང་འཐག།

སོ་ནམ་པའི་ཞབས་འདྲེན་ཅི་

འདྲའི་ལས་བསོད་ཆུང་བ་ཞིག་ཨང་།

ཨ་མ་མ་མ། རང་འཐག།

རང་ཐག། རང་དག།

རང་བརྟགས།

ཧ་རོ། རང་འཐག།

ཁྱེད་ཡང་སྙིང་སྤྲུལ་པའི་བླ་

ཆེན་ཡིན་ནམ།

རང་འཐག་ཡ་རང་འཐག།

གཞན་དག་ཡ་གཞན་དག།

རང་ཐག་ཡ་རང་ཐག།

གཞན་བརྟག་ཡ་གཞན་བརྟག།

ཡང་ན། རང་འཐག།

ཁྱེད་ཡང་སྙིང་སྡར་མའི་རྒྱུད་

འཛིན་པ་ཡིན།

གཞན་འཐག་ཡ་གཞན་འཐག།

རང་དག་ཡ་རང་དག།

གཞན་ཐག་ཡ་གཞན་ཐག།

རང་བརྟག་ཡ་རང་བརྟག།

རང་འཐག།

ཐེ་ཚོམ་ཨང་སོམ་ཉི།

རང་འཐག།

དྲི་བ་ཨང་ལྡོག་དྲི།

རང་འཐག །

རང་འཐག་ཨང་རང་འཐག།


  • ལེ་ཚན་སྔོན་མ།:ཁྱེད།
  • ལེ་ཚན་རྗེས་མ།:འཁོར་བའི་ནང་སྙིང་།