ཐགས་འཐག་ལག་རྩལ་སྐོར།

        2024-03-29

ང་ཚོའི་མི་རིགས་འདི་ཡང་མི་རིགས་གཞན་དང་འདྲ་བར་དུས་ཡུན་རིང་པོའི་ནང་རང་བྱུང་ཁམས་ལ་འཐབ་རྩོད་དང་འདུལ་སྦྱོང་བྱས་ནས་མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ཤོག་ལྷེའི་ངོས་སུ་འོད་སྟོང་ལྡན་པའི་དཔེ་རིས་བརྗིད་ཆགས་པ་ཞིག་བྲིས་ཡོད་པར་མ་ཟད། ཁོ་ཚོས་རང་རང་གི་བློ་གྲོས་ཀྱི་རྩལ་དང་མ་འོངས་པར་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཚན་རིག་རང་བཞིན་ལྡན་པའི་འཛམ་བུའི་གླིང་གི་ཤེས་རིག་གི་དགའ་ཚལ་དུ་ཡིད་དུ་འོང་བའི་ནོར་བུ་མང་དག་ཅིག་སྐྱེས་སུ་ཕུལ་ཡོད་ཅིང་།དེའི་ནང་དམངས་ཁྲོད་ཀྱི་ཐགས་ལས་འདི་ཡང་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གངས་ཅན་བོད་ཀྱི་སྐྱེ་འགྲོ་སྐོར་ཞིག་གི་སེམས་ཀྱི་དྭངས་མར་གྱུར་ཡོད་པ་ནི་གདོན་མི་ཟའོ།།

ཐགས་ནི་འབྲོག་པ་མང་ཚོགས་ཀྱི་སྦྲ་དང་སྦྲ་གུར། དེ་མིན་རས་དང་འབྲོག་གདན། སྒྱེ་མོ། སྒྱོ་བའི་ཁ་གོར་སོགས་བཟོ་བྱེད་དང་དངོས་ཡོད་འཚོ་བའི་ཁྲོད་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་ཞིང་ཁོར་ཡུག་ལ་གནོད་པ་མི་ཐེབས་པ་དང་། ཚན་རིག་ལག་རྩལ་འཕེལ་རྒྱས་མ་ཕྱིན་གོང་གི་སྔོན་ཐོན་ལག་རྩལ་ཐད་ཀྱི་ཡོ་བྱེད་གལ་འགང་ཆེ་བ་ཞིག་ཡིན་ལ། དེས་རུ་སྤོ་སྣུར་བྱེད་དུས་ཀྱང་དེང་རབས་འཕྲུལ་ཆས་མི་དགོས་པར་གཡག་ལ་ཁལ་བཀལ་ནས་གང་ལ་སོང་ན་དེ་ནས་འབྲོག་པ་ཚོ་མགོ་མཐིང་དུ་འདུག་མི་དགོས་པའི་ཕན་ནུས་ལྡན་པའི་བྱ་བ་སྒྲུབ་བཞིན་ཡོད། ཐགས་འཐག་བྱེད་ཀྱི་རྒྱུ་ནི་ནོར་རྩིད་དང་ནོར་ཁུལ། ལུག་བལ་བཅས་ཡིན་ལ། དེ་དག་སོ་སོར་བསལ་ནས་བཏག་རྗེས་ད་གཟོད་བཀོལ་ཆོག་མོད།འོན་ཀྱང་དེའི་ནང་ས་རྡུལ་སོགས་སྙིགས་མས་བཀང་ན་མི་ལེགས་ཏེ། ཐགས་ཀྱི་རྒྱུ་སྤུས་ཇེ་ཞན་དུ་འགྲོ་བའི་རྐྱེན་ཡིན། རྩིད་ཁུལ་བལ་གསུམ་བསལ་རྗེས་འཕང་འཁེལ་དགོས་ཤིང་། འཕང་འཁེལ་དུས་བོད་ཀྱི་ཁ་དཔེ་ལ་ཁྱི་རྐྱག་དགུ་མདུད་དང་ཨ་ཤུ་བ་ཉག་ལྟ་བུ་ཡོང་དུ་འཇུག་མི་རུང་བར། མགོ་ནས་མཇུག་བར་སྦོམ་ཕྲ་མེད་པར་ཚད་དང་རན་པ་བྱེད་དགོས་ལ། འཕང་འཁེལ་ནས་གྲུག་གུ་དང་སོན་པའམ་སྤུན་དཀྲིས་རྗེས་ད་གཟོད་ཐགས་འཐག་པའི་འགོ་རྩོམ་དགོས།

ནོར་གྱི་ཁུལ་རྩིད་སེལ་ནས་བཏགས་རྗེས་མཐིང་སྨུག་སྦྲ་བཟོས་ཆོག་ལ། ལུག་བལ་བསལ་ནས་བཏགས་རྗེས་ཕྱར་བ་དང་སྒྱེ། ཏ་ལེན་སོགས་བཟོས་ཆོག་པར་མ་ཟད། སྔ་དུས་ཚན་རིག་ལག་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་ཁ་དལ་དུས་སུ་མཐོ་སྒང་གི་འབྲོག་པ་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་བཀོལ་སྤྱོད་རིན་ཐང་ཆེ་ཞིང་ཁྱབ་རྒྱ་ཆེ་བའི་ཡོ་བྱེད་གཙོ་བོ་ཞིག་ཀྱང་རེད།

ཐགས་ནི་མགོ་ཕུར་དང་རྐང་ཕུར། རྐང་གསུམ་མམ་ཐགས་སུག་གཙོ་བྱས་ཐོག་གོང་སྟེགས་དང་ཞོལ་སྟེགས། དགའ་འབུ་དང་སྣེ། སུར་གདུབ་དང་རྒྱུ། སྤུན་སོགས་ལས་གྲུབ་ཅིང་མགོ་ཕུར་ནི་ཐགས་ཀྱི་མགོ་རྔ་ལས་མགོ་ན་ཡོད་པའི་ཕུར་བ་ཆིག་གྲུབ་མ་ཅན་ཞིག་ཡིན་པ་དང་། རྐང་ཕུར་ཡང་ཐགས་ཀྱི་མགོ་རྔ་གཉིས་ལས་རྔ་མ་ན་ཡོད་པའི་ཕུར་བ་བཞི་ཡིས་ཐགས་བཏག་ཡོད་པའི་ཁག་དེའོ།།

གོང་སྟེགས་དང་ཞོལ་སྟེགས་ཀྱི་རྒྱུ་གསོམ་པ་དང་སྟག་པས་བྱེད་ཅིང་། གཙོ་བོ་སྟག་པས་བྱེད་པའི་རྒྱུ་མཚན་ནི་ཡང་ཞིང་ལག་ལ་བདེ་བ་དང་ཐགས་འཆུམ་པའི་ཁྱད་ཆོས་ལྡན་པས་ཡིན། ཐགས་སུག་ནི་ལྕང་མ་ཡིན་ལ། དེ་ནི་ཀ་ར་གསུམ་གྱི་མགོ་གཅིག་ཏུ་བཀྱིགས་ནས་ཡོད་པ་སྟེ། རྐང་པ་གསུམ་པོ་སུམ་བཙུགས་བྱས་ཏེ་ཁོ་ཚོའི་བར་ཐག་གིས་ཐགས་ཀྱི་མཐོ་ཚད་ཐག་གཅོད་བྱེད། རྒ་འབུ་ཡང་སྟག་པའམ་གསོམ་པ་ཡིན་ལ། སྦོམ་ཕྲ་ནི་མི་ཆེན་ཞིག་གི་དཀྱིལ་མཛུབ་དང་མཚུངས། སྣེ་ནི་བེའུ་རྔས་བྱེད་པར་མ་ཟད་དེ་དྲུག་རྐྱ་བྱེད་ཅིང་། སྣེས་རྒ་འབུ་བཀྱིགས་ཡོད་ལ་སྐུད་པ་ལྟར་ཕྲ་དགོས། དེ་ཐགས་འོག་མའམ་རྐན་སྣེ་ལེན་ཆས་ཀྱང་ཡིན། སུར་རྡུབ་ནི་གོང་སྟེགས་ཀྱི་ཡན་ན་ཡོད་ཅིང་། ཐགས་ཐོག་མ་ལེན་ཆས་ཡིན་ལ་སྣེའི་སྣེ་ཁ་ཡང་དེ་ཡིན། སྟེགས་མས་ཐོག་ཐགས་དང་ཡོག་ཐགས་གོ་ལྡོག་ནས་མཚམས་འབྱེད་ཅིང་། ཐགས་སྐུད་རེ་རེའི་བར་ཐག་འདྲ་མཚུངས་ཡིན། སྤུན་ནི་ནོར་ཁུལ་ཡིན་ལ་ཐགས་བར་ནས་ལེན་དུས་ལྷོད་དགོས་པར་མ་ཟད། དེའི་རྒྱུ་རྩིད་པས་བྱེད་དོན་ནི་ཕྲ་བ་དང་གྲུམ་པའི་ཁྱད་ཆོས་ལྡན་པས་ཡིན། རྒྱུ་ཡི་རྒྱུ་ནི་རྩིད་པས་བྱེད་ཅིང་། དེ་ནི་མགོ་ཕུར་དང་རྐང་ཕུར་དཀྲིས་ནས་སྐུད་པ་མང་པོ་བསྟར་ནས་ཡོད་པ་དེ་ཡིན།

ཞོལ་སྟེགས་ཟུར་དུ་བསླངས་རྗེས་སྤུན་ཐགས་ཁའི་བར་ནས་ཕར་ལེན་ཚུར་ལེན་བྱེད་དགོས་པ་དང་། སྤུན་བླངས་རྗེས་ཡང་ཞོལ་སྟེགས་བླངས་ཏེ་གོང་སྟེགས་ཟུར་དུ་བསླངས་དགོས་ལ། དེ་རྗེས་ཞོལ་སྟེགས་སླར་ཡང་ཐགས་བར་དུ་བཅུག་ནས་བཏག་ན་རས་འགྲུབ་ཐུབ་ཅིང་། རས་བཙེམས་ནས་སྦྲ་བཟོས་ཆོག།

ཐགས་ལ་ཚན་རིག་གི་ཁྱད་ཆོས་ལྡན་པར་མ་ཟད། ད་དུང་ཁག་མང་པོ་ལས་གྲུབ་པ་དང་རྙོག་འཛིང་ཆེ་ནའང་གནའ་མིའི་བློ་གྲོས་ཀྱི་རྩལ་ལས་ཅུང་བདེ་བར་སྣང་ཡོད། དེས་དེང་རབས་ཀྱི་སྣོད་དང་ཁང་པའི་ཚབ་བྱེད་ཅིང་། འབྲོག་པ་ཚོའི་དཔལ་འབྱོར་གྱི་འགྲོ་སོང་ཡང་ཇེ་ཉུང་དུ་བཏང་ནས་ཕན་པ་མི་ཉུང་བ་ཞིག་སྒྲུབ་བཞིན་ཡོད་པ་དང་། རང་རང་ས་ཆའི་ནོར་གྱི་ཁུལ་རྩིད་ལ་བརྟེན་ནས་བོད་ཀྱི་ཁྱད་འཕགས་ལག་རྩལ་ལྟར་སྦྲ་སོགས་བཟོས་ནས་སྲོལ་བསྟུན་གྱིས་རང་བྱུང་ཁོར་ཡུག་ལ་གནོད་པ་ཐེབས་ཚད་ཀྱང་ལྡབ་འགས་ཇེ་ཉུང་དུ་བཏང་ཡོད། དེ་བས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཐགས་འཐག་ལག་རྩལ་ཐད་ལ་ཚན་རིག་གི་ཁྱད་ཆོས་ལྡན་པར་མ་ཟད། མི་བུ་སྐོར་ཞིག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་འབྲས་བུ་ཡང་ཡིན་པ་སྨྲས་མ་དགོས་ལ། དེ་དང་ཆབས་ཅིག་དེང་སྐབས་ང་ཚོས་ཚན་རིག་སྦྱོང་ནའང་གནའ་རབས་ལག་རྩལ་དག་རྨང་གཞི་བྱས་ཏེ་སྦྱང་ན་དེ་ལས་ཀྱང་དགེ་མཚན་ཆེའོ།། 

ཡོང་ཁུངས། མདོ་ལྷོ་དྲ་བ་ལས་དྲངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:འདབ་པའི་ཨ་སྐྱིད་རྫ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།