གཟའ་སྐར་ངན་པ་ལ་འཛེམ་པ།

        2024-03-29

གཟའ་སྐར་ངན་པ་ལ་འཛེམ་པའི་སྲོལ་ནི་དམངས་ཁྲོད་དུ་དར་སྲོལ་ཧ་ཅང་ཆེ་སྟེ།དམངས་ཁྲོད་དུ་བག་མ་གཏོང་ལེན་དང་།བཙས་སྟོན།དུར་འཇུག་ཆོས་ལུགས་ཀྱི་ཆོ་ག་ཐ་ན་བུད་མེད་རྣམས་ཀྱིས་སྐྲ་སླས་པ་དང་སྐྱེས་པ་རྣམས་བྱེས་སུ་འགྲོ་བ་སོགས་ཀྱི་དུས་སུའང་གཟའ་སྐར་གྱི་འཕྲོད་སྦྱོར་ལ་དཔྱད་ནས་ཉིན་བཟང་སྐར་བཟང་ལ་འཇུག་པར་བྱེད་ཅིང་།དེ་ལས་ལྡོག་སྟེ་གཟའ་སྐར་མིལེགས་པར་འཕྲད་ཚེ་ལས་དེ་དག་ལ་འཛེམ་ནས་བཤོལ་ཅི་ཐུབ་བྱེད་པ་ཡིན།གཟའ་སྐར་འཕྲོད་སྤྱོར་ལ་ལྟ་བ་ནི་གནའ་བོའི་དུས་ནས་བོད་ལ་དར་ཡོད་དེ།གཤེན་རབས་མི་བོ་ཆེས་ཕྱྭ་གཤེན་ལེགས་རྒྱལ་ཐང་བོ་དང་སྲས་ཀོང་ཚ་འཕྲུལ་བུ་སོགས་ལ་གཙུག་རྩིས་ཀྱི་བོན་སྒོ་གབ་རྩེ་འཕྲུལ་གྱི་མེ་ལོང་དང་།སྤར་ཁ་སྨེ་བའི་གླིང་སྐོར།འབྱུང་བ་དུས་ཀྱི་འཁོར་ལོ།ཇུ་ཞག་རྟེན་འབྲེལ་ལས་རྩིས་སོགས་བསྟན་ཚུལ་གཤེན་རབས་ཀྱི་མཛད་མདོ་རྣམས་སུ་གསལ་བོར་བསྟན་ཡོད་ལ།དེ་ལས་གབ་རྩེ་ནི་ལོ་གཅིག་ལ་དབང་བའི་ལོ་ཟླ་ཞག་དུས་ཚོད་ཀྱི་འབྱུང་ཁམས་དང་།སྨེ་བ་དང་།སྤར་ཁ་དང་།དེ་དག་ལ་དབང་བྱེད་པའི་ལྷ་ཀླུ་དང་།སྨེ་བ་སོགས་ཐུན་མོང་གི་སྣང་ངོར་མངོན་སུམ་དུ་མ་གྱུར་པའི་དུས་གནད་འདི་དག་ནི་མཚོན་ཆའི་རྩེ་ལྟར་ཤིན་ཏུ་རྣོ་ཞིང་།བཟང་ངན་གྱི་འབྲས་བུ་འཕྲལ་དུ་འབྱིན་པའི་གནད་ཡིན་པར་བཤད་པས་གནད་གསང་གསལ་བོར་སྟོན་པ་དང་།སྤར་པ་དང་སྨེ་བའི་གླིང་སྐོར་ནི་རེའུ་མིག་དགུའི་ཁོངས་སུ་སྨེ་བ་དགུའི་ཁོངས་སུ་སྨེ་བ་དགུ་བཀོད་པ་དང་།ཕྱོགས་མཚམས་བརྒྱད་དུ་སྤར་ཁ་བརྒྱད་བཀོད་དེ་ལོ་ཟླ་ཞག་དུས་དང་།བརྩི་བྱའི་ཁམས་ཕན་ཚུན་གོ་བསྡུར་གྱིས་ལེགས་ཉེས་བླང་དོར་གྱི་སྐོར་བསྟན་པ་དང་།འབྱུང་བ་དུས་ཀྱི་འཁོར་ལོ་ཡང་འབྱུང་ཁམས་དང་འབྲེལ་བའི་ལོ་སྐོར་བཅུ་གཉིས།ནམ་ཟླ་བཞི།གཟའ་སྐར་གྱི་གནས་སྟངས་སོགས་ལོ་ནས་ལོ་དང་།ཟླ་ནས་ཟླ།ཞག་ནས་ཞག་ཏུ་འཁོར་ཞིང་ཡང་ཡང་དུ་འཁོར་དེ་དག་ལ་འབྱུང་ཁམས་དང་འབྲེལ་བའི་འཕྲོད་སྦྱོར་གྱི་རིགས་མི་འདྲ་བ་ཅི་རིགས་ཤིག་འབྱུང་དེ་དག་གིས་སྣོད་བཅུད་ལ་ལེགས་ཉེས་ཀྱི་ནུས་པ་ཅི་རིགས་ཤིག་ཀྱང་འབྱིན་ཐུབ་ཀྱི་ཡོད་པའི་སྐོར་བསྟན་པ་དང་།ཇུ་ཞག་རྟེན་འབྲེལ་ལས་རྩིས་ཏེ་ནམ་རྒྱུན་ཡོངས་གྲགས་སུ“ཚེ་རབས་ལས་རྩིས”།ཞེས་སུ་གྲགས་པ་སྟེ།སུ་ཞིག་སྐྱེ་དུས་ཀྱི་ལོ་ཟླ་ཞག་དུས་ཀྱི་འབྱུང་ཁམས་སོ་སོའི་གནས་ལུགས་དེ་ལ་བརྟེན་ནས་ཚེ་འདིར་ལེགས་ཉེས་ཀྱི་རྐྱེན་ཅི་དང་ཅི་ཞིག་ཡོད་པ་དང་གལ་ཏེ་མི་མཐུན་པའི་རྐྱེན་འགའ་ཞིག་ཡོད་པ་མངོན་དུ་གྱུར་ན།དེ་ལས་གྲོལ་ཐབས་ཅི་དང་ཅི་ཞིག་སོགས་རྟོགས་བྱེད་ཁྱད་པར་ཅན་ཡིན་པའི་རྩིས་འདི་རིགས་སུ་བསྟན་པ་ལྟར་གཟའ་སྐར་གྱི་འཕྲོད་སྦྱོར་མི་ལེགས་དུས་ནི་གཟའ་སྐར་ལ་དབང་བྱེད་པའི་ལྷ་ཀླུ་དང་གཉན་ནམ་ས་བདག་སོགས་ཀྱིས་འཁྲུགས་པར་བྱེད་པའི་དུས་དེ་ལྟ་བུའི་དུས་དང་འཕྲད་ནས་ལའ་གང་རུང་ཞིག་བགྱི་ཚེ་མི་དེའི་རླུང་རྟའམ།དབང་ཐང་ངམ་ལུས་སྲོག་བཅས་འབྱུང་ཁམས་ཀྱི་ནུས་པ་ཞན་པའམ་བགེགས་བར་ཆད་ཅི་རིགས་ཤིག་ཡོང་བའི་བཤད་རྒྱུན་དང་བསྟུན་ནས་འཛེམ་བྱའི་སྲོལ་དེ་བྱུང་བ་རེད། གཞན་ཡང་ལོ་བཅུ་གསུམ།ཉེར་ལྔ།སོ་བདུན།ཞེ་དགུ།རེ་གཅིག དོན་གསུམ།གྱ་ལྔ།གོ་བདུན་སོགས་ཀྱང་བྱེས་འཇུག་སོགས་ལ་འཛེམ་པར་བྱེད་པའི་དུས་ཡིན་ལ་ལྷག་པར་རང་ལོ་བཅུ་གསུམ་གྱི་སྟེང་དུ་བགེགས་བར་ཆད་ཤིན་ཏུ་ཆེ་བར་འདོད་པ་ཡིན།དེ་དག་ནི་འབྱུང་བའི་ཁམས་དང་འབྲེལ་བའི་ལོ་ཟླ་གཟའ་སྐར་གྱི་གནས་སྟངས་སོགས་ཀྱི་འཕྲོད་སྤྱོར་གྱི་རིགས་མི་འདྲ་བ་ཅི་རིགས་བྱུང་དེ་དག་གིས་སྣོད་བཅུད་ལ་ལེགས་ཉེས་ཀྱི་ནུས་པ་ཅི་རིགས་འབྱུང་བར་འདོད་པའི་བློ་ལས་བྱང་བྱིན་པས།དམངས་ཁྲོད་དུའང་དེ་འདྲའི་སྲོལ་མ་ཉམས་པར་རྒྱུན་འབྱམས་སུ་གནས་པ་ཡིན།།

ཡོང་ཁུངས། མདོ་ལྷོ་དྲ་བ་ལས་དྲངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཏྲེ་ཤོད་མིའི་གོན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།