འབའ་ནོར་བུའི་ས་ཆར་བཞད་པའི་དྲང་བདེན་གྱི་གངས་ལྷ་མེ་ཏོག།

        2024-03-29

འབའ་ནོར་བུའི་ས་ཆར་བཞད་པའི་དྲང་བདེན་གྱི་གངས་ལྷ་མེ་ཏོག།

འབའ་ནོར་བུའི་ས་ཆར་དཔུང་སྡེ་འདི་འདྲ་ཞིག་མཐོང་རྒྱུ་ཡོད་དེ། ཁོ་ཚོས་འདྲི་གཅོད་ལག་བསྟར་ལས་ཀའི་ཁྲོད་ཞིབ་པོ་དང་གཟབ་ནན། སྲ་བརྟན་བཅས་ཀྱི་ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་བྱས་ནས་ཞིབ་ཕྲའི་སྒོས་གྱོད་གཞི་རྟོག་ཞིབ་བྱས་པ་དང་། འགལ་རྐྱེན་དང་རྩོད་གཞི་བསལ་ཅིང་། དམངས་ཀྱི་དོན་དུ་ཁྲིམས་འཛིན་དམིགས་ཡུལ་ལག་ལེན་མཐར་ཕྱིན་བསྟར་བཞིན་ཡོད། ཁོ་ཚོ་ནི་འབའ་ཐང་རྫོང་མི་དམངས་ཁྲིམས་ཁང་གི་དྲང་བདེན་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་རུ་ཚོ་ཡིན་ནོ།།

ལས་ཡུལ་དངོས་སུ་ཕྱིན་ནས་གྱོད་གཞི་དང་རྩོད་གླེང་བསལ་བ།

2021ལོའི་སྤྱི་ཟླ4པར་འབའ་ཐང་རྫོང་མི་དམངས་ཁྲིམས་ཁང་གིས་དྲང་བདེན་གངས་ལྷ་མེ་ཏོག་ཅེས་པའི་བུད་མེད་འདྲི་གཅོད་རུ་ཁག་གཅིག་བཙུགས་པ་ནས་བཟུང་། བུད་མེད་དེ་ཚོས་ཁྲིམས་རྟགས་ཁུར་ཞིང་གློག་ཀླད་ཁྱེར་ནས་མང་ཚོགས་དང་ཉེ་སར་བཅར་ཏེ། ཡུལ་དངོས་ནས་ཁྲིམས་ར་བཙུགས་ཏེ་རྩོད་གཞི་འདུམ་འགྲིག་བྱས་པ་དང་ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་རེད།

དེ་ལྟར་འབའ་ནོར་བུའི་ས་ཆའི་ཞིང་ཁ་དང་རྩྭ་ཐང་སོགས་སུ་སྐོར་སྐྱོད་ཁྲིམས་ར་བཙུགས་ནས་འདྲི་གཅོད་བྱས་པ་ནི་བུད་མེད་འདྲི་གཅོད་རུ་ཚོའི་རྣམ་རྒྱུན་གྱི་ལས་ཀའི་རྣམ་པ་ཞིག་ཡིན་པས། ལས་སྟངས་དེས་མང་ཚོགས་ལ་སྟབས་བདེ་བཟོས་པར་མ་ཟད། ད་དུང་ཁྲིམས་ཁང་གི་ཁྲིམས་གཅོད་ལས་ཆོད་མཐོར་འདེགས་བཏང་ཡོད། འདྲི་གཅོད་རུ་ཚོའི་ནང་འབའ་ཡུལ་རང་གི་བུད་མེད་ཁྲིམས་དཔོན་ཚན་པ་གཅིག་གིས་ས་གནས་དེའི་རིག་གནས་གོམས་གཤིས་ཆ་རྒྱུས་ལོན་པ་དང་འབའ་ཡུལ་གྱི་ཡུལ་སྐད་ཤེས་པས། ནམ་རྒྱུན་ཁོ་ཚོས་ཡུལ་སྲོལ་བཟང་པོར་བསྟུན་ནས་འགན་རྐྱེན་དང་རྩོད་གཞི་རེ་རེ་སེལ་བཞིན་ཡོད། ཁྲིམས་ལྟར་དྲང་གཞག་གིས་རྩོད་གཞི་ཐག་བཅད་པ་དང་ཞི་འཇམ་ངང་དྲང་ནུས་སྲུང་སྐྱོང་བྱས་པས། གངས་ལྷ་མེ་ཏོག་ལྟ་བུར་མཐོ་སྒང་གི་ཡུལ་དུ་བཞད་ནས་འབའ་ནོར་བུའི་ས་ཆའི་དྲང་གཞག་དང་དྲང་བདེན་ལ་འཚོ་སྲུང་བྱས་དང་བྱེད་བཞིན་ཡོད།

ཁྲིམས་ལུགས་དབྱེ་ཞིབ་བྱས་ཏེ་གྱོད་དཔེ་ཁྲིམས་འགྲེལ་ཟབ་ཏུ་གཏོང་།

དྲང་བདེན་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་རུ་ཚོས་ཐོག་མཐའ་བར་གསུམ་དུ་གྱོད་གཞི་འདྲི་གཅོད་བྱས་ནས་ཡུལ་སྡེར་སློབ་གསོ་རྒྱག་པ་རྒྱུན་འཁྱོངས་ནས་འདྲི་གཅོད་བྱེད་རིམ་དུ་གྱོད་གཞི་དཔེ་མཚོན་བཞག་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་པ་དང་།ཞུ་གཏུག་དང་འབྲེལ་བ་ཡོད་པའི་མང་ཚོགས་དང་ཟུར་ཉན་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་ཧུར་ཐག་བཏང་། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྤེལ་བར་བརྒྱུད་མང་ཚོགས་ཀྱིས་ཁྲིམས་ལུགས་ཤེས་རྟོགས་ཐུབ་པར་མ་ཟད། མང་ཚོགས་ཀྱིས་ཞུ་བའི་གནད་དོན་དང་ཟུང་འབྲེལ་བྱས་ནས་ལས་ཀ་བྱེད་སྟངས་ཀྱང་ཟམ་མི་ཆད་པར་ལེགས་སུ་བཏང་བས་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་པར་སྐུལ་འདེད་བཏང་ཡོད།

2023ལོའི་སྤྱི་ཟླ6པར་འདྲི་གཅོད་རུ་ཚོས་ཤིང་ནགས་རྐུ་གཅོད་ཀྱི་གྱོད་གཞི་གསུམ་གྱི་འདྲི་གཅོད་བྱ་ཡུལ་དེ་གྱོད་དོན་ཐོན་སའི་འབའ་ཐང་རྫོང་སྤོ་ཁོག་ཡུལ་ཤོག་སྤོ་སྟོད་གྲོང་སྡེ་ལ་སྤོས་ཏེ། སྤོ་ཁོག་ཡུལ་ཤོག་ནི་ནགས་ལས་ཐོན་ཁུངས་ཕུན་སུམ་ཚོགས་པས། ཡུལ་དེ་གའི་མི་སེར་ལ་ཁྲིམས་སྐྱོང་སློབ་གསོའི་དྲིལ་བསྒྲགས་ཆེ་རུ་གཏོང་ཆེད། ཁོངས་གཏོགས་ཀྱི་ཡུལ་སྡེའི་ལས་བྱེད་པ་དང་ཞུ་སྦྱོར་ཕྱི་མ་བའི་གཉེན་ཉེ། ཡུལ་མིའི་འཐུས་མི་སོགས་མི50ལྷག་ཡུལ་དངོས་སུ་ཟུར་ཉན་དུ་གདན་དྲངས་ནས་ཁྲིམས་འཛིན་གྱི་གཟི་བརྗིད་རྣམ་པར་མྱོང་ཚོར་ཐུབ་པ་བྱས་ཡོད། གཟབ་ནན་གྱི་ཁྲིམས་རའི་ངང་ཚུལ་དང་ཚད་ལྡན་གྱི་གཏུག་བཤེར་གོ་རིམ་གྱིས་ཁོ་ཚོར་བག་ཆགས་ཟབ་མོ་བཞག་ཡོད། ཁྲིམས་རའི་འདྲི་གཅོད་མཇུག་སྒྲིལ་རྗེས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོས་བཅའ་ཁྲིམས་ཁྱབ་གདལ་གྱི་གོ་སྐབས་དམ་འཛིན་བྱས་ནས་ཁ་གསལ་གོ་བདེའི་སྐད་ཆས་ཟུར་ཉན་གྱི་མང་ཚོགས་ལ་ཡུལ་དངོས་ནས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པ་དང་།གྱོད་དཔེ་ཁྲིམས་འགྲེལ་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ནས་མང་ཚོགས་ཀྱི་ཁྲིམས་སྲུང་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།

འབད་འབུངས་ཡར་བརྩོན་བྱས་ནས་དམངས་ཀྱི་ཁེ་དབང་སྲུང་།

བུད་མེད་དང་བྱིས་པ་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་ལ་གཞིགས་ནས་དྲང་བདེན་གྱི་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་རུ་ཚོས་བཅའ་ཁྲིམས་ཤེས་བྱ་སློབ་གྲྭར་སྐྱེལ་བ་དང་བུད་མེད་ཁྲིམས་དཔོན་གྱི་སྐད་ཆ། གངས་ལྷ་མེ་ཏོག་གི་ལེའུ། དམིགས་བསལ་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་ཞིང་། ཁྲིམས་སྲོལ་དེ་དག་གོ་བདེ་བའི་ཡུལ་སྐད་དུ་བསྒྱུར་བ་དང་།བལྟས་པ་ཙམ་གྱིས་གོ་བ་ལོན་པའི་རི་མོ་སྒྲིག་སྦྱོར་བྱས་པར་མ་ཟད། སློབ་གསོའི་དོན་སྙིང་ལྡན་པའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་བུད་མེད་དང་བྱིས་པའི་ཚོགས་སྤྱིར་དམིགས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

2023ལོའི་བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ་འདྲི་གཅོད་ཚོགས་པས་ཁྲིམས་སྐྱོང་གི་སྣང་ཚུལ་མཚོན་པའི་འཁྲབ་ཚན་འཁྱེར་ནས་སྤོ་ཁོག་ལྟེ་བའི་སློབ་གྲྭར་འཁྲབ་སྟོན་བྱས་པ་རེད། སྣང་ཚུལ་མཚོན་པའི་འཁྲབ་ཚན་དེ《ལོ་ན་མ་སོན་པའི་སྐྱེ་བོར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》ཀྱི་གྱོད་གཞི་ཐག་གཅོད་བྱེད་པའི་དཔེ་མཚོན་ལ་དམིགས་ཏེ་སློབ་མ་རྣམས་རང་འགུལ་གྱིས་ཞུགས་པ་དང་སྣང་ཚུལ་སླར་ཡང་མངོན་པའི་ཐོག་ནས་སློབ་མར་བསླུས་འགོག་འདུ་ཤེས་དང་རང་སྲུང་འདུ་ཤེས་ཟབ་ཏུ་བཏང་ཡོད།

ཉམས་ཞན་ཚོགས་སྤྱིའི་ཁྱད་པར་ཅན་གྱི་སྲུང་སྐྱོང་བྱ་བར་སྔར་བས་ཤུགས་རྒྱག་ཆེད། 2023ལོར་བུད་མེད་འདྲི་གཅོད་རུ་ཚོས་གཉེན་སྒྲིག་ཁྱིམ་ཚང་གི་གྱོད་གཞིའི་མི་ཐེངས27ལ་གྱོད་གཞི་འདྲི་གཅོད་བྱས་རྗེས་ཕྱིར་འདྲི་བྱས་པ་དང་། མི་ལུས་སྲུང་སྐྱོབ་ཀྱི་བཀའ་རྒྱ1བཏང་བ་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ“རྒྱལ་སྤྱིའི་ཁྱིམ་གཏུམ་ལ་རྒོལ་བའི་ཉིན་མོ”ཡི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། དེ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་བྱིས་པར་སེམས་ཁུར་དང་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྲུ་གུར་སེམས་ཁུར་དང་དྲོ་སྐྱིད་སྟེར་བ་རེད།

2023ལོར་འབའ་ཐང་རྫོང་མི་དམངས་ཁྲིམས་ཁང་གི་དྲང་བདེན་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་རུ་ཚོས་ཁྱོན་རིགས་ཁག་གི་དམངས་དོན་རྩོད་གཞི281དང་ཉེས་དོན་གྱོད་གཞི14 བཅའ་ཁྲིམས་འདྲི་རྟོགས་ཐེངས13བཅས་ཀྱི་སྒྲུབ་འགན་འཁུར་ནས་འགལ་བ་དང་རྩོད་གཞི32བསལ་ཡོད་པ་རེད། འབའ་ཐང་རྫོང་གི2021ལོའི་སྲིད་ཁྲིམས་ལས་དོན་གྱི་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་ཐོབ་པ་དང་ཞོད་འཇགས་སི་ཁྲོན་མཉམ་འབྲེལ་འཛུགས་སྐྲུན་མགོ་ཁྲིད་ཚོ་ཆུང་གིས“ཞོད་འཇགས་སི་ཁྲོན་གྱི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

ལོ་གསར་པར་དྲང་བདེན་གངས་ལྷ་མེ་ཏོག་བུད་མེད་འདྲི་གཅོད་རུ་ཚོས་ཁྲིམས་སྐྱོང་འདུ་ཤེས་ཇེ་བརྟན་དུ་གཏང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མ་སྐུལ་དང་བླངས་ཀྱིས་ཁྲིམས་འཛིན་འགན་ནུས་སྣུར་སྲིང་དང་། བུད་མེད་དང་བྱིས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཅས་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འབའ་ཐང་གསར་པ་འཛུགས་སྐྱོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་པའི་ཡིད་ཆེས་ཀྱིས་ཁེངས་སོ།།  

ལྷ་འཛོམས་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སྨན་པ་བཟང་པོ་དར་རྩེ་མདོ་ལ་ཕེབས།། ཞིང་འབྲོག་མང་ཚོགས་ནད་ཀྱི་སྡུག་ལས་གྲོལ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།