ཡིད་གདུང་བའི་མགུར་གླུ་རིང་མོ།

        2024-03-29

སྤྲིན་དཀར་ལིང་ལིང་ཤར་ནས་ལྷོ་རུ་རྒྱུ།།

རླུང་བུ་སིལ་སིལ་གནམ་སའི་བར་དུ་ལྡང་།།

བདག་ཀྱང་མི་འདུག་འཁོར་བའི་རི་གྲོང་དུ།།

རྡོག་སྣེ་སྤོ་བཞིན་ཆགས་སྡང་ལས་ལ་ཞུགས།།

མཐོང་སྣང་འདྲ་མིན་སྣ་ཚོགས་དང་དུ་ལེན།།

རེ་བའི་རྨི་ལམ་དབྱིངས་སུ་ཡལ་བའི་རྗེས།།

འཚོ་བའི་ཉིན་སྲིབ་མུན་པས་བཟུང་བའི་ཤུལ།།

གཞོན་ནུའི་ལང་ཚོ་ད་གཟོད་མཛེས་པ་མཐོང་།།

འདས་སོང་ལོ་ཟླའི་རིན་ཐང་གཞི་ནས་ཤེས།།

ཡིད་ཀྱི་ནམ་མཁར་སྐྱོ་བའི་ན་བུན་འཁྲིགས།།

ད་སྐབས་ཁོ་བོས་སེམས་ཀྱི་ནགས་ཚལ་སློག།

ཁེར་རྐྱང་སྲུང་བཞིན་དགོན་གྲོང་བར་དུ་ཉུལ།།

བབ་ཅོལ་ཚིག་གིས་ཉིན་ཞག་འདའ་བར་བྱེད།།

སྦྱོར་དངོས་རྗེས་གསུམ་ཐུགས་བསྐྱེད་བྲལ་བ་ཡི།།

གྲོང་ཆོག་ལམ་ནས་འབུད་རྡུང་ལས་ལ་གཉེར།།

རི་ཚོགས་གདོང་ལ་ཤར་ཤུར་སྐྱ་ཐིག་ལྷུང་།།

བྱ་ཁྱུ་མི་འདུག་རང་རང་གནས་ཚང་ལོག།

འདུ་བྲལ་འཁོར་བའི་རང་གཤིས་མིག་ཏུ་འཁོར།།

ལྷགས་རླུང་ངར་ཁ་ཤིན་ཏུ་རྒོད་དུས་འདིར།།

ངས་ནི་མགྲིན་པ་མཆི་མས་སྦང་བཞིན་དུ།།

མྱ་ངན་ཚིག་གི་ཞུ་འཕྲིན་སྤྲིན་ལ་བསྐུར།།

ན་ཚོད་ཡོལ་བའི་རྐྱེན་གྱིས་ཡིན་ནམ་ཅི།།

ཡང་ན་རྣམ་གཡེང་བྱ་བར་ཚུད་པས་ལན།།

བྲིས་པའི་སྙན་ངག་ཟུངས་ཟད་ནད་པ་བཞིན།།

ཚོར་ཤེས་ཉམས་ཤིང་ཚིག་སྦྱོར་ཞན་པར་གྱུར།།

དེ་ལྟ་ན་ཡང་གདུང་བའི་ཡིག་ཚོགས་ཀྱིས།།

དྲ་བའི་འཇིག་རྟེན་ཡོམ་ཡོམ་སྒུལ་དགོས་བྱུང་།།

མཛེས་པའི་མདངས་ཀྱི་སྡུ་གུ་བཀྲ་བ་ཡི།།

སྒྱུ་མའི་སྐར་ཆུང་མཁའ་ནས་འཛུམ་ན་ཡང་།།

ད་སྐབས་ང་རང་མུན་པའི་འོབས་སུ་ལྷུང་།།

ཤག་གི་ཕྱི་ནང་ལམ་གྱི་གཡས་གཡོན་དུ།།

དྲན་གདུང་མཆི་མའི་ཐིགས་པ་མང་པོ་འཐོར།།

འདས་དོན་སྣ་ཚོགས་ཡིད་ཀྱི་ཡོལ་རས་སུ།།

བཙན་གྱིས་ལྷུང་བས་མཚན་གྱི་གཉིད་ཀྱང་ཆག།

རྩོམ་པ་པོ། འཇོ་མདའ་པདྨ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དབྱངས་ཕྱུག་ལྷ་མོ་འཚོལ་བའི་སེམས་ནད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།