འབའ་ཐང་རྫོང་གི་གོང་འོག་ཚང་མས་སོ་ནམ་ལས་ལ་འབད།

(སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-04-03

མི་ཧུར་པོའི་མིག་ནང་དཔྱིད་སྔ་ཤར། ཞིང་སོ་ནམ་ལས་ལ་བྲེལ་ཞིང་བརྩོན། འབའ་ཐང་རྫོང་གིས་དཔྱིད་རྨོད་དུས་ཚིགས་ལ་དམིགས་ནས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་བྱེད་ནུས་དང་ཏང་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཏེ་ཞིང་དུ་ལག་རྩལ་མཛུབ་ཁྲིད་ལ་བསྐྱོད་དེ་དཔྱིད་རྨོད་གྲ་སྒྲིག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད།

འཆར་འགོད་དང་བཀོད་སྒྲིག་ལེགས་པོ་བྱས་ནས་དཔྱིད་རྨོད་ལས་འགོ་ཡག་པོ་བཙུགས། ཞིང་འབྲོག་ཚན་རྩལ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་བསྡུས་ནས་ད་ལོའི་དཔྱིད་རྨོད་ལས་དོན་བཀོད་སྒྲིག་ཚོགས་འདུ་དུས་ཐོག་ཏུ་འཚོགས་ཏེ་ཐོན་ལས་རྟེན་གཞི་དང་འབྲུ་རིགས་འདེབས་ཁྱོན། ཞིང་ལས་རྒྱུ་ཆ་གྲབས་གསོག་བཅས་ལས་ཀའི་དམིགས་ཡུལ་ལྟར། ཚོ་ཆུང་གཉིས་བཙུགས་ནས་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་ནས་ཞིང་ཕན་སྲིད་ཇུས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཤེས་བྱ་དང་། དཔྱིད་རྨོད་སྐོར་གྱི་དོ་སྣང་དོན་ཚན་བཅས་བསྒྲགས་ནས་ཞིང་དུད་ཀྱིས་ཞིང་ལས་ཉེན་མེད་ཐོན་སྐྱེད་དང་དེ་བཞིན་ཞིང་ཕན་སྲིད་ཇུས་ཁག་ཤེས་རྟོགས་ཡོང་བར་ཤུགས་བརྒྱབ་སྟེ་དཔྱིད་རྨོད་སྔོན་གྱི་གྲ་སྒྲིག་ལས་དོན་ལ་རྨང་གཞི་བརྟན་པོར་བཏིང་ཡོད།

དཔྱིད་རྨོད་ཀྱི་འགག་སྒོ་དང་པོ་སྟེ་བློ་བདེ་ཞིང་ལས་རྒྱུ་ཆ་གདམ་གསེས་སྐོར་གྱི་དྲིལ་བསྒྲགས་ཡག་པོ་བྱས། ཞིང་ལས་རྒྱུ་ཆའི་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས་དཔྱིད་རྨོད་ཐོན་སྐྱེད་ཀྱི་འགག་སྒོ་ཡག་པོ་བསྲུངས། རྫོང་དེས་དུས་ཐོག་ཏུ་ཞིང་ལས་ལག་རྩལ་ས་ཚུགས་དང་སྲོག་ཆགས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་སོགས་སྔ་རྗེས་སུ་ཡུལ་ཤོག(གྲོང་རྡལ)ཁག་ཏུ་ཞིང་ལས་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་དང་བློ་བདེའི་ཞིང་ལས་རྒྱུ་ཆ་གྲོང་སྡེར་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ལ་འགན་སྲུང་བྱས་ནས་ལོ་གང་པོའི་འབྲུ་རིགས་ཐོན་སྐྱེད་ལ་ཕན་འབྲས་བཟང་པོ་ཐོབ་པ་བྱས། ད་སྔར་རིགས་མི་གཅིག་པའི་དྲིལ་བསྒྲགས་དཔྱད་ཡིག80ལྷག་བཀྲམ་པ་དང་དྲིལ་བསྒྲགས་སྦྱར་ཡིག10སྦྱར་ཡོད།

ལག་རྩལ་དོ་དམ་ལ་ཤུགས་བསྣན་ནས་དཔྱིད་རྨོད་ལ་ཚན་རིག་གིས་འགན་སྲུང་ཡག་པོ་བྱས་ཡོད། ཏང་མི་དང་ས་གནས་དེ་གའི་ཤེས་ལྡན་མི་སྣ། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཏང་མི་དང་བླངས་ཞབས་ཞུ་རུ་ཁག་གིས་ཞིང་ལས་ལག་རྩལ་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་ས་གནས་དེ་གའི་ཞིང་ལས་ལ་ཉམས་མྱོང་ཡོད་མཁན་ཚོ་གདན་དྲངས་ཏེ་ནད་འབུའི་གནོད་འཚེ་འགོག་བཅོས་དང་ཞིང་ལས་བདག་གཉེར་སོགས་ཀྱི་ཤེས་བྱ་ཡུལ་དངོས་སུ་སློབ་ཁྲིད་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་དཔྱིད་རྨོད་ཚན་རིག་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད། དུས་མཉམ་དུ་ད་ཡོད་ཀྱི་ཞིང་ཕན་སྲིད་ཇུས་དང་སོན་བཟང་ཁ་གསབ། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་སོགས་བསྒྲགས་ནས་ཞིང་དུད་ཀྱི་རྨོ་འདེབས་ཧུར་སེམས་བསླངས་ཡོད།

ཞིང་ལས་རྒྱུ་ཆ་བཀོད་གཏོང་ལ་མཐོང་ཆེན་བྱས་ཏེ་ཞིང་ལས་རྒྱུ་ཆ་མཁོ་འདོན་འདང་ངེས་བྱས་ཡོད། དུས་འགོར་ཡུལ་ཤོག(གྲོང་རྡལ)ཁག་ཏུ་བསྐྱོད་ནས་ཞིང་སྤྱོད་དངོས་ཟོག་བཀོད་གཏོང་བརྟག་གཞལ་བྱས་ཤིང་དུས་མཉམ་དུ་ཡུལ་ཤོག(གྲོང་རྡལ)ཁག་གི་འཕྲིན་ཕྲན་ཚོགས་པ་བརྒྱུད་ནས་ཞིང་ལས་རྒྱུ་ཆ་ཚོང་ཁང་གིས་བསགས་པའི་ཞིང་ལས་རྒྱུ་ཆའི་རིགས་དང་གྲངས་འབོར་བསྒྲགས་པ། ཞིང་སྤྱོད་དངོས་ཟོག་ཚང་མ་དཔྱིད་འདེབས་གོང་ཞིང་པའི་ལག་ཏུ་འཐོབ་པར་འགན་བླངས་ནས་ཞིང་འབྲོག་མང་ཚོགས་དེའི་ཐད་ཀྱི་དགོས་མཁོ་དུས་ཐོག་ཏུ་བསྐངས་ཐུབ་པ་བྱུང་བ་དང་། བློ་བདེའི་ཞིང་ལས་རྒྱུ་ཆ་གྲོང་སྡེར་ཁྱབ་གདལ་གཏོང་བའི་ལས་དོན་ཧུར་ཐག་སྤེལ་ནས་ཞིང་དུད་ཚོས་བློ་བདེ་མོས་སོ་ནམ་ལས་ཀ་སྤེལ་ཆོག་པ་རེད།

དཔྱིད་རྨོད་གྲ་སྒྲིག་གི་རིང་། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་ཉེན་མེད་ཐད་ཀྱི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་སོང་བ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱ་ཆེད། རྫོང་དེས་ཁྲིམས་འཛིན་མི་སྣ་ཐེངས18མངགས་ཤིང་ས་བོན་ཕྱིར་ཚོང་བྱ་ཡུལ23ལ་ཞིབ་བཤེར་བྱས། དུས་ལས་ཡོལ་བའི་སྔོ་ཚལ་ས་བོན་ཐུམ25གཞུང་བཞེས་བཏང་ཡོད། ཞིང་དུ་བསྐྱོད་དེ《ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་བཅའ་ཁྲིམས》གསར་པ60ལྷག་དང་དྲིལ་བསྒྲགས་ལག་དེབ300ལྷག་བསྒྲགས་པས། མང་ཚོགས300ལྷག་ལ་ཕན་ཐོགས་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་དཔྱིད་རྨོད་དང་ཞིང་ལས་ཐོན་སྐྱེད། ཞིང་ལས་རྒྱུ་ཆ་བྲིན་ཚོང་ཁྲོམ་ར་ཉེན་མེད་ཡོང་བ་བཅས་ལ་འགན་སྲུང་བྱས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:མཉམ་འགོག་མཉམ་བཅོས་ཐོག་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཁྱོན་ཡོངས་ནས་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།