༼ མ་རུའི་ཚེ་དཔག་སྐྱབས། ༽ 2024-04-03
ཞེན་ཆགས་ལྗོན་རྩེར་འཁྱུད་པའི་རྨི་ལམ་གྱི་བྱེའུ་ཆུང་།།
ཁྱེད་སེམས་ཡལ་གར་བཟུང་སྟེ་གཤོག་རྡེབ་ཅིག་བསམས་ན།།
ལང་ཚོའི་དབྱར་གཞུང་འདི་ལ་གཡབ་མོ་ཞིག་ལོས་འདུག།
དྲན་གཞིགས་སྨུག་སྤྲིན་བར་ནས་ཚུར་ཤོག་ཅེས་བོས་ན།།
ང་ཡི་གངས་རི་མཛེས་ཤིང་ཆུ་ཕྲན་ནི་དྭངས་པ།།
ལྟོ་དཀར་བརྩེ་བས་འཁྱུག་པའི་ལྷད་མེད་ཀྱི་སེམས་པ།།
དུངས་པ་རྫ་ཆུས་བཀྲུས་པའི་སྣང་བྲོད་ཀྱི་གཞས་ཆུང་།།
ཁུ་བྱུག་མགྲིན་པས་སྦྲེང་བའི་དྲུག་འགྱུར་གྱི་གསེབ་ན།།
སེམས་ཀྱི་སྙིང་གཏམ་ཞིག་གི་ཁ་མདོག་དང་གླུ་སྐད།།
འཆི་མེད་ཕོ་བྲང་འཕོས་པའི་དགའ་ཚལ་འདིར་ཡོད་སྐད།།
ང་ཡི་གཞས་འདི་ཁྱེད་ཀྱིས་ཡང་ཡང་དུ་ལོངས་ཤིག།
སྤྱིར་ན་འཇིག་རྟེན་ཟེར་བའི་གཞིས་ཀ་དེའི་ནང་ན།།
དགའ་སྐྱིད་ལོ་ཟླས་བཟས་པའི་འདས་སོང་གི་རྒྱབ་ན།།
རེ་བ་གཡག་གསར་རྒོད་པོ་ཞོན་པ་དང་འདྲ་ཞིང་།།
ཕམ་སེམས་ཆུ་ལ་ལྕེབས་པའི་སྡོང་ལོ་ནི་ཇི་བཞིན།།
སྨྲེང་བའི་ཁ་ཆར་དྲག་པོ་བར་མེད་དུ་བབས་པས།།
ང་ཡི་ནམ་ཟླར་དབྱར་དགུན་བགྱི་བ་ཞིག་མེད་དོ།།
རང་ནི་ཁེར་རྐྱང་ཚུལ་གྱིས་གཞན་ཡོད་ལ་བལྟས་ན།།
སྐྱིད་འདི་མི་རྟག་སྐད་ཅིག་སྐད་ཅིག་གི་འགྱུར་བག།
སྡིག་ཉེས་ཆུ་ལ་ཟགས་པའི་ཕུང་པོ་ཞིག་ཡིན་པས།།
སེམས་པ་དབང་མེད་ཆོས་ཀྱིས་དྲངས་ན་རང་བསམ་བྱུང་།།
ཡིན་ཡང་ཅོལ་ཆུང་རེ་བ་སྙན་ངག་གིས་འདེགས་པ།།
བརྗོད་བྱའི་ཕུང་པོ་ཟད་པའི་ངལ་བ་ལས་མེད་པས།།
སྣང་ཆུང་ཞེ་བློར་བབས་པ་བྲུད་བྲུད་ཅིག་ཡིན་པས།།
གཞན་སེམས་ཆུ་རྒྱུན་འདེད་པའི་ཟློས་གར་དེ་མི་དགོས།།
གཅམ་གསག་མེ་ཏོག་མཛེས་པར་ཞེན་ཆགས་ཤིག་མི་འདུག།
ཆང་དང་བུད་མེད་འཚོ་བའི་ཉེ་འཁོར་ལ་ཆགས་ནས།།
སྣང་བ་འོབས་སུ་ལྷུང་བ་ཐེངས་གཅིག་ནི་མིན་ནོ།།
འཇིག་རྟེན་མཐུན་འཇུག་ཅིག་གི་སྒོ་ཐེམ་དུ་འཛུལ་ཏེ།།
མཛའ་བརྩེའི་དར་དཀར་རྣམ་ཀུན་ཁྱེད་ཕྱོགས་སུ་འཐེན་ན།།
ང་ཡི་ཚེ་འདིར་བཅོམ་ལྡན་ནགས་ཀྱི་རང་སྒྲོལ་མས།།
ཐུགས་རྗེའི་སྤྱན་གྱིས་གཡེལ་མེད་རྟག་ཏུ་རང་གཟིགས་ཤོག།
རྒྱུ་འབྲས་འོ་མཚོ་འཕྱུར་བའི་སྦྲ་ཆུང་འདིའི་ནང་ན།།
རེ་ཕུགས་མེ་ལྕེ་རྒོད་པོ་ལྷབ་ལྷུབ་ཏུ་འབར་བས།།
འོ་ཇ་དཀར་པོའི་ཞིམ་མངར་ཁྱེད་ཕྱོགས་སུ་དྲངས་ན།།
སེམས་ཀྱི་གནས་མལ་དེ་ལ་དྲོད་ཁོལ་ཞིག་ལྡན་ནོ།།
ཡིན་ཡང་དེང་དུས་སྤྱི་ཚོགས་ཁྲ་ཁྲ་འདིའི་ནང་ན།།
རང་ལ་ཁྲ་ཁྲའི་ཚོན་མདོག་བཀྱེ་མཁན་ནི་མོད་པས།།
རང་གཞན་གཉིས་ཀ་ཁྲ་ཁྲ་ཁྲ་ཁྲ་རུ་གྱུར་ན།།
སྤྱི་ཚོགས་འགྱིག་ཁུག་ཐེད་པོའི་ནང་རོལ་ལ་ལྟོས་དང་།།
ཟས་རུལ་དྲི་ངན་ཁྱབ་པས་སྣ་བ་རང་ཟུམ་དགོས།།
བརྩེ་བའི་འདབ་མ་དེ་ཡང་དེ་བཞིན་གྱི་ཟླ་འོ།།
ཡིན་ཡང་རང་སེམས་དམ་པོར་ལྕགས་ཟྭ་ནི་གལ་ཆེ།།
དོན་ལྡན་བགྱི་བ་ལྷུར་ལེན་དམིགས་ཡུལ་དུ་བཞག་ནས།།
སེམས་ཀྱི་ས་འཛིན་མཐོན་པོར་དར་ལྕོག་ཅིག་གཟུགས་ན།།
ཚེ་ལ་དོན་ཆེ་གསོན་པར་རིན་ཐང་ནི་ལྡན་ནོ།།
དེ་ལྟར་མ་ཡིན་ཁྲེལ་མེད་བྱ་བ་རུ་ཞུགས་ཏེ།།
རང་ཚུགས་འདམ་ལ་བཏབ་པའི་ཕུར་བ་དེར་བཟུང་ནས།།
བུད་མེད་སྣ་ཚོགས་གཡང་གི་ཞོ་ཞབས་སུ་བྱས་ན།།
ཕན་ཚུན་བསླུ་བྲིད་རྡོ་ཡིས་ཕར་རྒྱག་དང་ཚུར་རྒྱག།
དུག་གསུམ་ཚོད་ཀྱིས་མ་ཟིན་དེང་དུས་ཀྱི་ཁྲོད་ན།།
རང་སེམས་རྟ་ལོག་སྒ་ལོག་བྱུང་བ་ནི་མང་ངོ་།།
ཡིན་ཡང་རང་གིས་མི་ཤེས་ཤེས་མདོག་གི་ཚུལ་དུ།།
སྨྲ་ལྕེ་ཡོད་ཁུལ་བགྱིད་པའི་རྣམ་པ་འདི་སྐྱོ་འོ།།
གང་ལྟར་ནམ་རྒྱུན་ཕར་ལ་བལྟས་བལྟས་ཤིག་བྱས་ན།།
ངོ་མ་གནམ་འོག་ཆེས་དཀའ་བཟའ་ཚང་གི་དོན་འདི།།
འབྱོར་བས་སླུ་བྲིད་ཧམ་སེམས་རི་བོ་དེ་བསམས་ནས།།
བུད་མེད་སྐྱེས་པས་བསྐྱུར་བའི་མཚེར་ཤུལ་དེ་བསམས་ན།།
སྐྱེས་པས་མཛེས་སྡུག་ཆེད་དུ་ཆུང་མ་དང་བྲལ་བ།།
འཁོར་བའི་བྱ་ཚང་འཐོར་བའི་ཁང་འདབ་ཀྱི་འོག་ན།།
ང་ཡི་སྙན་ངག་ཁྲི་འབུམ་གཙང་འགྲམ་གྱི་བྱེ་ཀླུང་།།
ཀྱེ་མ་སྔོན་ཆད་མཛའ་མཐུན་བཀྲ་ཤིས་ཀྱི་རེ་ཁའི།།
བྱུང་རབས་བརྗོད་ན་གཞིས་རྩེའི་སྤྲིན་དཀར་གྱི་འདབ་མ།།
སྒྲ་ཆེན་དཔོན་པོས་བཀུག་པའི་མདའ་དར་གྱི་འོག་ན།།
བུ་མོ་སྣང་སའི་ནང་སེམས་དུ་ཀཱུ་ལའི་གོས་བཟང་།།
སུ་ཡི་ཁབ་ཏུ་བསུས་པ་མཛེས་སྡུག་གིས་རྨད་དོ།།
གཞན་ནི་སྐྱེས་པས་བུད་མེད་རྣམ་དག་གིས་བསྲུངས་པ།།
དགའ་བྱེད་འཛུམ་གྱི་དཀྱིལ་འཁོར་སི་ཏཱ་ལ་ཆགས་པ།།
རཱ་མ་ཎ་ཡི་གཏམ་རྒྱུད་མཛེས་སྡུག་གི་དྲན་ཤིང་།།
གཞན་ཡང་ཕོ་མོའི་མཛའ་བརྩེའི་དར་དཀར་གྱི་རི་མོ།།
རྣམ་ཀུན་བར་མེད་དཔྱངས་པ་ངོ་མཚར་གྱི་སྲོག་ཤིང་།།
ལྷོ་ཕྱོགས་རཱ་མའི་རི་བོའི་ཡང་སྟེང་ལ་གཟིགས་དང་།།
ལྷ་མོ་ཨུ་མའི་ཁྲེལ་གཞུང་གཙང་ཆབ་ཀྱི་བཞུར་རྒྱུན།།
ཆད་མེད་འབབ་པ་འདོད་ལྡན་གཞོན་ནུ་ཡི་དགའ་སྐྱིད།།
ཀཱ་ལི་དཱ་སའི་སྨྱུག་རྩེའི་གསེར་ཞུན་གྱི་དྭངས་མ།།
སྙན་ངག་སྤྲིན་གྱི་ཕོ་ཉའི་རི་ལུང་དེ་འགྲིམ་དང་།།
ཁྱོ་ཤུག་གྱེས་པའི་གདུང་འབོད་ལྷད་མེད་དེ་བཞུགས་ལགས།།
བུད་མེད་ཁྲེལ་གཞུང་ཅན་མའི་གཡུ་རལ་དེ་འདུག་པས།།
མཛངས་མ་མཛངས་མའི་མཆོག་གྱུར་ཙན་དན་གྱི་དྲི་བསུང་།།
སློབ་དཔོན་ནག་མོ་ཁོལ་གྱི་སྨྱུག་རྩེ་ན་འཁྱིལ་ཡོད།།
གཞན་ཡང་འཁོར་བའི་ཚལ་ལ་སུན་པ་རང་སྐྱེས་ནས།།
སེམས་པ་ཆོས་ཀྱིས་དྲངས་པའི་གནས་རི་དེའི་ཁྲོད་ནས།།
ངེས་འབྱུང་རྣལ་མའི་ཚལ་ལ་མགོ་བོ་རང་བཞག་པའི།།
རྣམ་དག་བཙུན་མའི་རང་གཟུགས་དབུས་བཟའ་ནི་མཁའ་འགྲོ།།
ཡེ་ཤེས་མཚོ་རྒྱལ་ལ་སོགས་ཆོས་བྱེད་ཀྱི་བདག་མོ།།
གཞན་ཡང་ཌཱ་ཀིའི་ཁྱུ་ཚོགས་བུད་མེད་ཀྱི་རྣམ་རོལ།།
ཤིང་བཟའ་ཨ་ཆོས་རྒྱལ་བའི་འཁོར་ཚོགས་ཀྱི་པད་མ།།
ལྷ་མོའི་དཔུང་ཚོགས་ཛ་ཡའི་བསྟན་དར་གྱི་བསྐྱེད་ཡུམ།།
རྒྱ་གར་ཟས་གཙང་སྲས་ཀྱི་རྒྱུད་པ་ནས་འཁྲུངས་པའི།།
གཞོན་ནུ་དོན་ཀུན་གྲུབ་པའི་འཁོར་ཚོགས་ཀྱི་ནང་ལ།།
སྒྱུ་མ་ལྷ་མཛེས་བཙུན་མོ་གྲགས་འཛིན་ལ་སོགས་པའི།།
འཆི་མེད་བུ་མོ་མེ་ཏོག་དོ་ཤལ་གྱི་ཚུལ་འཆང་།།
བུད་མེད་མཛེས་བྱེད་ང་རྒྱལ་འདི་དག་ནི་མིན་ནམ།།
གཞན་ཡང་རྒྱལ་པོའི་སྲིད་དང་འཚོ་གནས་ཀྱི་ཐད་ལ།།
ཡ་རབས་བསམ་སྤྱོད་ལྡན་ཞིང་བློ་རིག་ནི་དྭངས་པའི།།
བརྗོད་ཀྱིས་མི་ལང་བུད་མེད་མང་དག་ཅིག་བྱུང་བ།།
ང་ཡི་སྨྲ་ལྕེ་སྐམ་ཞིང་ཚིག་ཚོགས་ནི་བསྐྱུང་ཕྱིར།།
གབ་པའི་ཚུལ་དུ་སྦས་ཏེ་བསྡུས་པ་རང་བྱས་སོ།།
དེ་བས་དེང་གི་བུད་མེད་འགའ་ཤས་ལས་མཐོང་བའི།།
སྤྱོད་པ་ཡ་མ་བརླ་ཡི་བྱུང་རབས་ཤིག་བརྗོད་ན།།
ཚང་མ་ཁོང་ཁྲོ་མ་ལངས་ལངས་དགོས་ནི་མི་འདུག།
ཡོད་དོ་ཅོག་ལ་དུག་མདའ་འཕངས་པ་རང་མིན་པས།།
འགའ་ཤས་རྣ་བ་ཚུར་ལ་བསྲིངས་ཙམ་ཞིག་བྱོས་དང་།།
ངས་ནི་རང་གི་བསམ་ཚུལ་ཨེན་ཙམ་ཞིག་བཤད་ངེས།།
ཡིན་ཡང་ང་ནི་བློ་གཏད་མེད་པ་ཞིག་ཡིན་པས།།
ངན་པས་ངན་པ་བརྗོད་འདི་བཞད་གད་ཀྱི་གནས་སོ།།
དེང་དུས་གསར་བུ་འགའ་ཤས་སྤྱོད་ཚུལ་དེ་བསམས་ན།།
ང་ནི་རྗེས་ལུས་ཡིན་ནམ་ཁྱེད་ཅག་ནི་སྔོན་ཐོན།།
ཡང་ན་ཁོ་རི་ཡཱ་ཡི་གློག་བརྙན་དེའི་རྐྱེན་དང་།།
སྤྱི་ཚོགས་འདི་ཡིས་དྲུད་པའི་ཤུགས་རྐྱེན་དེའི་འོག་ནས།།
གསར་བུ་གསར་མོའི་རང་ཚུགས་སྲ་མེད་ཀྱི་ཕུར་བ།།
སྤྱོད་པར་ཚོད་ཅིག་མེད་པ་འདྲེ་གཟུགས་ཀྱི་སྣང་བ།།
བུད་མེད་ཕོ་མོའི་མཛའ་མཐུན་འཇའ་ཚོན་གྱི་གསེབ་ན།།
མི་སྲོག་བཅད་པའི་ཉེས་པ་ག་ཙམ་ཞིག་འདུག་པ།།
སུ་ལ་བཤད་དགོས་མི་འདུག་རང་སེམས་ལ་ཕྲིས་དང་།།
འཇིག་རྟེན་གནམ་གྱི་འོག་ན་བདེ་སྐྱིད་ནི་སྐད་ཅིག།
འདུག་ཀྱང་རིངས་པར་འཆི་བར་ཉིན་རེ་བཞིན་ཇེ་ཐུང་།།
བསམས་ན་བསམ་སྤྱོད་བཟང་པོ་དགེ་ཕྱོགས་སུ་སྦྱར་ནས།།
བདེ་སྐྱིད་ལྷ་ཡིས་གནང་བའི་ཁྱིམ་གཞིས་ཤིག་བསྐྱངས་ན།།
དེ་མིན་འགོང་འདྲེ་འོག་ཚོང་བསླུ་བྲིད་ཀྱི་གེགས་རྡོ།།
ཁྱོ་ཤུག་མཛའ་བརྩེ་འཐོར་བའི་སྔ་ལྟས་ལས་མེད་པས།།
ཁྱིམ་འཛིན་མཛངས་མས་དམིགས་རྩེ་གཅིག་རྐྱང་ལ་གཏད་ན།།
སྐྱེས་པས་ཆུང་མ་བུ་ཕྲུག་སེམས་གཅེས་ཀྱིས་སོང་ན།།
དེ་མིན་འགོང་འདྲེའི་སྣང་བ་རང་མཐུན་དུ་སོང་ནས།།
གློ་རྡེག་བརྩེ་བ་ཞིག་གི་ཆེད་དུ་རང་ལྕེབས་ན།།
རང་གཞན་ཀུན་གྱི་འཚོ་བ་འགྲིག་འགྲིག་ཅིག་མིན་པས།།
འདོད་ཆགས་རྒྱལ་པོའི་རི་དྭགས་སྐད་ཅིག་ཏུ་སོད་ཅིག།
དེ་ནི་མཛའ་བརྩེའི་རི་མོ་ཕྱི་ནང་ལ་སྦྲེལ་བའི།།
མི་ཚེ་བརྩེ་བའི་མཚེ་གཟུགས་གྲུབ་པ་ལ་བརྗོད་དོ།།
གཞན་ནི་འགའ་ཞིག་བྲང་སྐྱེས་མྱོས་བུམ་གྱི་ཏོག་ཙམ།།
མེ་ཏོག་ཁ་མ་ཕྱེས་སྦྱོར་ཚུལ་འཛིན་དང་དེའི་ཡན།།
ཁྲེལ་གཞུང་འཚོལ་རོགས་དག་ལ་ཞུས་པ་ནི་མིན་ཏེ།།
ཁྱོ་ཤུག་གནམ་གྱིས་སྲུང་བ་ཁྱེད་ཅག་ལ་སྨྲས་སོ།།
ཁྱེད་ཀྱིས་བདག་གི་གཏམ་འདི་ཐོས་ཙམ་ཞིག་བྱུང་ནས།།
སྙན་ངག་འབྲི་བའི་ནུས་མེད་ཅོལ་ཆུང་ཞེས་བོས་དང་།།
ངའི་སེམས་སྟོད་ཀྱི་གངས་རིར་སྨུག་སྤྲིན་ཞིག་མི་འདུག།
སེམས་གཏམ་གངས་ཆབ་བཞུར་བའི་རང་སྒྲ་དེ་ཡིན་པས།།
སྨྱུག་རྩེ་གཞན་ལ་གཏད་པའི་གླེན་པ་ཞེས་དམོད་དང་།།
ངའི་སེམས་ངོ་མ་མི་སྡུག་གངས་དཀར་གྱི་ལྷུན་པོ།།
དེང་དུས་འཚོ་བ་འདི་ལ་ཨ་གསར་དང་གཞོགས་སླད།།
བསླུ་བྲིད་གར་གྱི་རང་མདོག་དགེ་མཚན་དུ་མཐོང་བའི།།
སྤྱི་ཚོགས་འདི་ཡི་ཟུར་སྣེ་མཚོན་ཙམ་ཞིག་ཡིན་ནོ།།
རྩོམ་གསར། 10