ཧྲེན་དབྱང་གིས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རིག་གནས་ཡུལ་སྐོར་དང་ཉེན་མེད་ཐོན་སྐྱེད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སོགས་ལས་དོན་ལ་རྟོག་ཞིབ་ལྟ་སྐུལ་གནང་སྐབས།

        2024-04-10

འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་ཞབས་ཞུ་དང་འགན་སྲུང་ཡག་པོ་བྱས་ཏེ། མཐུན་སྒྲིལ་དང་བདེ་ལྡན། འཆམ་མཐུན། གོ་སྒྲིག་ཡོད་པའི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་བསྐྲུན་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ4པའི་ཚེས4ནས6ཉིན་བར། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། རྟའུ་རྫོང་བཅས་སུ་རིག་གནས་ཡུལ་སྐོར་དང་ཉེན་མེད་ཐོན་སྐྱེད། དེ་བཞིན་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སོགས་ལས་དོན་གཙོ་བོར་རྟོག་ཞིབ་ལྟ་སྐུལ་གནང་དུ་ཕེབས་པ་རེད། ཁོང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་ཅིང་ཞབས་ཞུ་དང་འགན་སྲུང་ཡག་པོ་བྱས་ཏེ། མཐུན་སྒྲིལ་དང་བདེ་ལྡན། འཆམ་མཐུན། གོ་སྒྲིག་ཡོད་པའི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ལ་རང་ཁུལ་དུ་ཡོང་མཁན་གྱི་འཁོར་རིགས་ཁྲི4ལྷག་ཡོད་ཅིང་དར་མདོའི་རྒྱུ་ལ་བརྒལ་བའི་འཁོར་རིགས་ཁྲི3ལྷག་ཡོད། དེའི་ཁར་ཁ་ཆར་བབས་པས་འགྲིམ་འགྲུལ་བདེ་མོ་ཡོང་བར་ཉམས་སད་ཐེག་ཡོད། ཧྲེན་དབྱང་གིས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པ་དང་ལམ་གསོ་བའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཐོག་ཚང་མར་དཀའ་ངལ་ལ་མི་སྐྲག་ཅིང་མུ་མཐུད་ལས་དོན་སྒྲུབ་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བཀོད་གཏོང་གནད་ལ་འཁེལ་བ་དང་དུས་ཐོག་འགྱུར་ཚུལ་དབྱེ་ཞིབ། གཞུང་ལམ་ཁྲིམས་འཛིན་ཞིབ་བཤེར། དུས་ཐོག་འཁོར་ལོའི་འགྲོ་འོང་དང་ལམ་གྱི་གནས་ཚུལ། གནམ་གཤིས་ཆ་འཕྲིན་སྤེལ་བ་སོགས་ལ་འབད་དེ་འགྲོ་སྐྱོད་ཆ་རྐྱེན་ཡག་པོ་བསྐྲུན་དགོས་པའི་སྐུལ་མ་གནང་བ་རེད།  

ཧྲེན་དབྱང་གིས་བསྟན་དོན། ཐེངས་འདིར་ཁ་ཆར་འབབ་རྒྱ་ཅུང་ཆེ་ཡང་ལྷོ་རྒྱུད་ས་ཆའི་ནགས་རྩྭའི་མེ་ཟོན་ལས་འགན་སྔར་བཞིན་ལྕི་བས་རིམ་ཁག་དང་སྡེ་ཁག་གིས་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་འདོར་ཅིང་མཐིལ་ཚད་བསམ་གཞིག་ཆེ་རུ་གཏོང་བ་དང་། ལས་དོན་སྒྲུབ་ཐབས་ཞིབ་ཕྲ་བཟོ་བ། འཚུབ་བསྟུན་སྔོན་ཇུས་དོན་ལ་གནས་པ། མེ་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ལ་ཡ་རབས་མཆོད་འབུལ་དགོས་པའི་སྣེ་ཁྲིད་གང་ལེགས་བཅས་བྱས་ཏེ། མིའི་རྐྱེན་ལས་འབྱུང་བའི་ནགས་རྩྭའི་མེ་སྐྱོན་ཆེས་ཉུང་དུ་གཏང་དགོས།

ཧྲེན་དབྱང་ལྕགས་ཟམ་རྫོང་གི་ལྕགས་ཟམ་ཟམ་པ་དང་རྟའུ་རྫོང་དཔལ་སྨད་གསེག་རི་གླིང་ག། དར་མདོའི་ལྷ་སྒང་གྲོང་རྡལ་བ་ལངས་གྲོང་སྡེ་བཅས་སུ་ཕེབས་ནས་རྟོག་ཞིབ་གནང་རྗེས། ཁོང་གིས་རིམ་ཁག་དང་སྡེ་ཁག་གིས་ཁྲོམ་ར་ཡིས་ཁྲིད་ཕྱོགས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཁོར་ཡུག་མུ་མཐུད་དེ་ཇེ་ཡག་གཏོང་ཞིང་། འཛད་སྤྱོད་བྱེད་སྟངས་གསར་པ་རྒྱ་བསྐྱེད་དེ་འགྲུལ་བའི་འཛད་སྤྱོད་དགོས་མཁོ་སྣ་མང་བསྐང་ཐུབ་པ་བྱ་དགོས། སྐྱེ་ཁམས་ཀྱི་ཁྱད་ཡོན་སྤེལ་བ་དང་སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར། མྱོང་རོལ་ཡུལ་སྐོར། ཡུལ་སྡེའི་ཡུལ་སྐོར་སོགས་ལས་རྣམ་གསར་པ་སྟོབས་ཆེར་བཏང་ནས་ས་གནས་དེ་གའི་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་གི་ཞོར་དུ་ཡོང་འབབ་འཕར་ཐུབ་པ་སྐུལ་ཁྲིད་བྱ་དགོས། ཤུགས་ཡོད་དགུས་ཡུལ་སྐོར་ཞབས་ཞུ་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་། ཉེན་མེད་ཡིན་ལ་གོ་རིམ་དང་སྒྲིག་ལམ་ཡོད་པའི་ཡུལ་སྐོར་ཁོར་ཡུག་བསྐྲུན་ནས། ཡུལ་སྐོར་བ་རྒྱ་ཆེན་དགའ་ནས་ཡོང་བ་དང་ཡི་རང་ནས་ཕྱིར་ལོག་ཐུབ་པ་བྱ་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་བ་ལངས་དགོན་དུ་ཕེབས་ནས་དགེ་འདུན་པ་དང་ལས་སྒྲུབ་མི་སྣར་གླེང་མོལ་གནང་། ཁོང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་རྒྱ་ཆེན་གྱིས་མུ་མཐུད་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། ཕ་ཡུལ་འཛུགས་སྐྲུན་དུ་ཧུར་ཐག་ཞུགས་པ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་དང་མཉམ་དུ་ཕྱུག་པོར་ཡོང་བར་སྐུལ་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་འཆམ་མཐུན་བརྟན་བརླིང་ཞིག་བསྐྲུན་གང་ཐུབ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།

( སྐལ་ཐུབ་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དཔྱིད་རྨོད་ལས་དོན་ཐད་ཞབས་ཞུའི་འགན་སྲུང་ཡག་པོ་བསྒྲུབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།