དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ནང་གི་ཡུལ་སྐོར་བས་ཡུལ་སྐོར་ལ་འགྲོ་སོང་གཏོང་ཚད་སྒོར་དུང་ཕྱུར་539.5ཟིན་པ།

    མི་དམངས་དྲ་བ་ནས་དྲངས།    2024-04-09

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། དྭངས་གསལ་དུས་ཚིགས་རིང་། རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོད་ཅིང་། རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། དྭངས་གསལ་དུས་ཚིགས་རིང(ཟླ་4ཚེས་4ཉིན་ནས་ཚེས་6ཉིན་བར) རྒྱལ་ཡོངས་སུ་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་1.19ཟིན་ནས་བསྡུར་གཞི་ཡོད་པའི་གྲངས་གཞི་དང་བསྡུར་ན་2019ལོའི་དུས་མཚུངས་ལས་11.5%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་བས་ཡུལ་སྐོར་ལ་འགྲོ་སོང་གཏོང་ཚད་སྒོར་དུང་ཕྱུར་539.5ཟིན་ཏེ་2019ལོའི་དུས་མཚུངས་ལས་12.7%འཕར་ཡོད་པ་རེད། རྒྱལ་མཚམས་སྒྲོལ་ནས་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་104.1ཟིན་པ་དང་རྒྱལ་མཚམས་སྒྲོལ་ནས་ཡུལ་སྐོར་དུ་སྐྱོད་མཁན་མི་ཐེངས་ཁྲི་99.2ཟིན་གྱི་ཡོད་པ་རེད།
     འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པར། དྭངས་གསལ་དུས་ཚིགས་རིང་། སྔོན་དཔག་བྱས་ན། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བསྒྲལ་ནས་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་7.5ལྷག་ཙམ་ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་2.5ཟིན་ནས་2023ལོའི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་56.1%འཕར་བ་དང་2019ལོའི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་20.9%འཕར་ཡོད་པ་རེད།
     ཞིབ་ཕྲའི་གནས་ཚུལ་ནས་བལྟས་ན། ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4974.3ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་1658.1ཟིན་ཏེ། 2023ལོའི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་75.3%འཕར་བ་དང་2019ལོའི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་20.7%འཕར་ཡོད་པ་རེད། གཞུང་ལམ་ནས་སྐྱོད་མཁན་སྔོན་དཔག་ལྟར་ན། མི་ཐེངས་དུང་ཕྱུར་6.9ལྷག་ཙམ་ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་2.3ཟིན་ཏེ་2023ལོའི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་55.1%འཕར་བ་དང་2019ལོའི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་21.8%འཕར་ཡོད་པ་རེད།
     ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་4ཚེས་4ཉིན་ནས་ཚེས་6ཉིན་བར། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་510.15འགན་ལེན་བྱས་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་170.05ཟིན་ཞིང་། སྔོན་དཔག་བྱས་ན། དུས་གཏན་གནམ་གྲུའི་ཁ་གྲངས་ཁྲི་4.6ལྷག་ཟིན་ནས་ཉིན་རེར་ཆ་སྙོམས་དུས་གཏན་གནམ་གྲུ་ཁྲི་1.5ལྷག་ཟིན་གྱི་ཡོད་པ་རེད།

     ཟླ་4ཚེས་6ཉིན། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་དྭངས་གསལ་དུས་ཚིགས་རིང་འགྲུལ་པ་ཕྱིར་ལོག་བྱེད་མང་བའི་དུས་མཚམས་བསུས་ཤིང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར། ཟླ་4ཚེས་6ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1790སྐྱེལ་འདྲེན་བྱ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར་1163མང་དུ་གཏོང་རྒྱུ་ཡིན་པ་རེད། ཟླ་4ཚེས་5ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་1330.7སྐྱེལ་འདྲེན་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།
     དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། མང་ཚོགས་ཚོས་རླངས་འཁོར་བཏང་སྟེ་འགྲོ་སྐྱོད་བྱེད་ཚད་དུས་གཅིག་ཏུ་འཁེལ་བར་བརྟེན། གཞུང་ལམ་དུ་རླངས་འཁོར་འགྲོ་སྐྱོད་མང་དུ་ཕྱིན་ཡོད། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་4ཚེས་6ཉིན་གྱི་ཆུ་ཚོད་18བར། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་སྤྱིར་ན་བརྟན་པོ་ཡོད་པ་དང་དུས་ཡུན་རིང་པོར་ལམ་འགག་པའི་གནས་ཚུལ་ཐོན་མེད་པ་རེད། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྔ་སྣུར་དུ་འཆར་འགོད་བཀོད་སྒྲིག་དང་། ཉེན་རྟོག་པ་མང་དུ་བཏང་བ། ལམ་ངོས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་ཁྲིད་སྟོན་རྒྱ་ཁྱབ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཤར་བགྲོད་ཐུབ་པར་བྱས་པ་རེད།
     གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་4ཚེས་6ཉིན་གྱི་ཆུ་ཚོད་20བར། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་བདེ་འཇགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་ཚབས་ཆེ་བའི་ལས་འཛོལ་ཐོན་མེད་པ་རེད། འཕྲལ་སྡོམ་དོ་དམ་པུས་ཉེན་ཁའི་མངོན་མེད་རྐྱེན་ངན་དང་གནོད་འཚེའི་ལས་འཛོལ་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་དམིགས་ས་ཡོད་པའི་སྒོ་ནས་བདེ་འཇགས་འགོག་ཟོན་གྱི་ལས་དོན་བཀོད་སྒྲིག་བྱས་ཤིང་། གུང་གསེང་རིང་། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཁྱོན་ཉེན་རྟོག་པ་ཐེངས་ཁྲི་1.5ལྷག་ཙམ་བཏང་བ་དང་མེ་གསོད་རོགས་སྐྱོབ་མི་ཐེངས་ཁྲི་17.1ལྷག་ཙམ་བཏང་ཡོད། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གིས་མི་ཐེངས་3200ལྷག་ཙམ་བཏང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:འདི་དག་ཐད་ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འགྲེལ་བཤད་བརྒྱབ་འདུག
  • ལེ་ཚན་རྗེས་མ།:《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།
  • དོ་སྣང་ཆེ་བའི་རྩོམ།