ཁྲུང་ཁྲུང་སྐེ་ནག་དང་མཉམ་དུ་གཤིབ་པའི་ལོ15

        2024-04-07

ཉེ་ཆར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཨ་ར་འདམ་རར་གྲང་ངར་རིམ་བཞིན་འཇགས་ཤིང་། ཁྲུང་ཁྲུང་སྐེ་ནག་དང་། ངང་སེར། ཁྲུང་ཁྲུང་མགོ་ཁྲ་སོགས་འདབ་ཆགས་ཅི་དགར་རོལ་བཞིན། ལ་ལས་གཤོག་རྩལ་ངོམས་པ་དང་ལ་ལ་བག་ཕེབས་ངང་ཟས་ཟ་བཞིན་སྤྱི་ཆིང་9600ལྷག་ཙམ་གྱི་ཨ་ར་འདམ་ར་དེ་བས་འཁྲུག་ཆ་དོད།

ཨ་ར་འདམ་རར་འདམ་གཞུང་རྫོང་གི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་ཞིབ་བྱེད་མཁན་ཉི་མ་དོན་གྲུབ་ཀྱིས་རྒྱང་ཤེལ་ནས་སྐབས་འགར་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ལ་ལྟ་བ་དང་སྐབས་འགར་ཐོ་ཞིབ་ཚགས་འགོད་བཞིན་འདུག

ཉི་མ་དོན་གྲུབ་ཀྱིས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་མང་པོ་ཞིག་བསྐྱབས་མྱོང་མོད། འོན་ཀྱང་ཁོང་གིས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་སྔོན་ཆད་རང་ཉིད་ཀྱིས་བསྐྱབས་ནས་གློད་པའི་ཁྲུང་ཁྲུང་སྐེ་ནག་ཚེ་ནོར་ཡིན་པ་རེད། 2023ལོའི་ཟླ་10པར་ཉི་མ་དོན་གྲུབ་ཀྱིས་འཆར་ཅན་བཞིན་སྐོར་ཞིབ་བྱེད་སྐབས་གཤོག་པ་གཡོན་མར་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་ཅིག་འཕུར་མི་ཐུབ་པ་མཐོང་། དེ་འཕྲལ་ཁོང་གིས་མྱུར་སྐྱོབ་ས་ཚིགས་སུ་ཁྱེར་ཏེ་སྨན་བཅོས་བྱས་པ་དང་མིང་ལ་ཚེ་ནོར་ཞེས་བཏགས། ཟླ་བ་ལྔ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས། ཉི་མ་དོན་གྲུབ་ཀྱིས་ཚེ་ནོར་འདམ་རར་གློད་པ་དང་ཁྲུང་ཁྲུང་སྐེ་ནག་གཞན་དང་འགྲོགས་ནས་མཉམ་དུ་གནས་སྤོའི་ལམ་དུ་བཞུད།

“གློད་མ་ཐག་པའི་ཁྲུང་ཁྲུང་སྐེ་ནག་དེ་རོགས་སྐྱོབ་ས་ཚིགས་སུ་སྡོད་ཡུན་རིང་བའི་དབང་གིས་དུས་ཐུང་ནང་ཁྲུང་ཁྲུང་སྐེ་ནག་གཞན་དང་འདྲིས་མི་ཐུབ་པས། ཕྱིར་གློད་རྗེས་རྟག་ཏུ་གྲོགས་མེད་ཁེར་རྐྱང་དུ་སྡོད་ཀྱི་འདུག ང་རང་བློ་མི་བདེ་བར་ཁྲུང་ཁྲུང་སྐེ་ནག་གཞན་གྱི་འཁྲིས་སུ་འདེད་དགོས་བསམ་ཡང་འདེད་མ་ནུས་པའི་སྐབས་སུ་ཁོ་ཁྲུང་ཁྲུང་སྐེ་ནག་གཉིས་གསུམ་གྱི་འགྲམ་དུ་སླེབས་པ་དང་རིམ་གྱིས་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་དང་་འདྲིས་སོང”ཁྲུང་ཁྲུང་སྐེ་ནག་ཚེ་ནོར་ཁྲུང་ཁྲུང་སྐེ་ནག་གཞན་དང་འདྲིས་པ་མཐོང་སྐབས་ཉི་མ་དོན་གྲུབ་ལ་དགའ་སྐྱོ་གཉིས་ལྡན་གྱི་སྣང་བ་བྱུང་ཡོད། ཡིན་ནའང་ཁོང་གིས་རང་བྱུང་ཁམས་ཆེ་མོ་ནི་ཁྲུང་ཁྲུང་སྐེ་ནག་གི་ཁྱིམ་གཞིས་ངོ་མ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད།

2009ལོར་ལོ་34ལ་སླེབས་པའི་ཉི་མ་དོན་གྲུབ་འདམ་གཞུང་རྫོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་པར་གྱུར་ནས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་བྱས་ནས་ལོ་15སོང་ཡོད། “དུས་རབས་གོང་མའི་ལོ་རབས་80པར་ཨ་ར་འདམ་རར་ཁྲུང་ཁྲུང་སྐེ་ནག་30ལྷག་ཙམ་ཡོད། ཕྱིས་སུ་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པར་བརྟེན་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་ནས་ད་ཆ་ལོ་ལྟར་ཁྲུང་ཁྲུང་སྐེ་ནག་2000ཙམ་དེ་གར་ཡོང་གི་ཡོད”ཅེས་ཁོང་གིས་ཕྱིར་དྲན་བྱེད་བཞིན་བརྗོད་བྱུང་།

ལོ་15ཡི་རིང་ཉི་མ་དོན་གྲུབ་ཀྱིས་ཁྲུང་ཁྲུང་སྐེ་ནག་རང་ཉིད་ཀྱི་ཕྲུ་གུ་ལྟར་བརྩིས་ནས་སྲུང་སྐྱོང་བྱེད་ཅིང་། ལོ་ལྟར་དགུན་དུས་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་གསེར་གླིང་མཚོ་ནས་ལྷོ་ཕྱོགས་སུ་གནས་སྤོ་ཡི་ཡོད། ཕྱི་ལོའི་དཔྱིད་ཀར་སླར་ཡང་ཚུར་འཕུར་ཡོང་གི་ཡོད་པས་འདམ་གཞུང་རྫོང་གནས་སྤོའི་བར་བརྒྱུད་ས་ཚིགས་སུ་གྱུར་ནས་དེ་གར་ངལ་གསོ་བ་དང་བཟས་འཚོལ་གྱི་ཡོད།

“སྐྱེ་ཁམས་ཡག་པོ་ཡོད་མེད་འདབ་ཆགས་ཀྱི་གྲངས་འབོར་ནས་ཤེས་ཐུབ”ཉེ་བའི་ལོ་ཤས་རིང་། ལོ་རེ་བཞིན་མང་དུ་འགྲོ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་གནས་སྤོའམ་ཡང་ན་སྐྱེ་འཕེལ་བྱེད་པ་དེ་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པའི་དཔང་རྟགས་ཤིག་རེད། ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་བྱེད་མཁན་ཉི་མ་དོན་གྲུབ་ཀྱི་ངོས་ནས་བརྗོད་ན་ས་མཐོའི་སྲོག་ཆགས་ཞི་མཐུན་མཉམ་གནས་དང་ཡུན་ནས་ཡུན་དུ་གནས་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་བྱུང་བ་ནི་ཁོང་གི་བརྟན་སྲུང་གི་སྙིང་པོ་ཡང་རེད།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
  • ལེ་ཚན་རྗེས་མ།:སྲོལ་རྒྱུན་གྱི་འདེབས་འཛུགས་ནས་སྤུས་ལེགས་ཐོན་སྐྱེད་ཕྱོགས་སུ་སྒྱུར་བའི་ས་མཐོའི་ནས་ནག།
  • དོ་སྣང་ཆེ་བའི་རྩོམ།