སྒྲ་རྒྱན་དབྱངས་ཅན་འཛུམ་རིས།

དབྱངས་ལྡེའུ།        2024-04-15

མ་འཁྲུད་བཞིན་དཀར་བདེ་འབྱུང་གཙུག་གི་རྒྱན། །

མ་བཀོད་སྤྱན་རས་གཟི་མིག་དགུ་པའི་དཔལ། །

མ་སྨད་ཚེམས་དཀར་དུང་ཕྲེང་མཛེས་རྫོགས་ཅན། །

མ་མཆོག་དབྱངས་ཅན་ལྷ་མོའི་ཞབས་ལ་སྙེན། །

རྣམ་དཀར་འོ་མའི་མཚོ་ཆེན་རྒྱས་པའི་ངོར། །

རྣམ་གྲོལ་ཐར་བའི་དོན་གཅེས་ངང་དཀར་སློབ། །

རྣམ་དག་མི་འཇིག་དད་གསུམ་ཨ་ལོང་དུ། །

རྣམ་མཁྱེན་ཐུགས་རྗེའི་ལྕགས་ཀྱུས་ལེགས་འཛིན་ཀྱེ། །

རབ་གསལ་སྤྱན་རས་རི་དྭགས་སྐྲག་པའི་མིག །

རབ་དཀར་ཟླ་བའི་བཞིན་ངོར་མཛེས་གཡོ་ཞིང་། །

རབ་ཡངས་འཛིན་མའི་མཐའ་མཉམ་མ་གྱུར་འགྲོར། །

རབ་མཆོག་བརྩེ་བས་ལེགས་སྐྱོང་བྱམས་ཆེན་མ། །

དཀར་མཛེས་ཚེམས་དཀར་མུ་ཏིག་དར་བརྒྱུས་མ། །

དཀར་གསལ་སྤྲིན་པའི་དར་གོས་སྟོད་གཡོག་མ། །

དཀར་འཇམ་གཞོན་ནུའི་ལང་ཚོའི་ངག་དབང་མ། །

དཀར་ཕྲའི་གློག་གི་ལུས་ལས་མཉེན་ལྕུག་དཔལ། །

ཀུན་གསལ་སྤྲོས་མེད་དབང་གཞུའི་གུར་ཁྱིམ་དུ། །

ཀུན་རིག་མཁྱེན་གཏེར་ཉིན་བྱེད་ལང་ཚོ་ཅན། །

ཀུན་དགའི་སྒྲ་དབྱངས་སྙན་པའི་བསྡུས་གཟུགས་མ། །

ཀུན་ཏུ་དགྱེས་པའི་སྙན་ཚིག་བླ་བྲེ་གསོལ། །

དཀར་མཛེས་མཛེས་ལེགས་དཔལ་འདུས་ཟླ་བའི་ཕྲེང་། །

རབ་ཡངས་ཡངས་པའི་བྲང་གཞུང་རྒྱན་བཀླུབས་ཏེ། །

ཡེ་སྟོང་སྟོང་པའི་དབྱིངས་སུ་གར་རོལ་པའི། །

ཕར་ཕྱིན་ཕྱིན་དྲུག་མཐར་སོན་ལྷ་དེར་མཆོད། །

མཛེས་བྱེད་ལང་ཚོའི་ཕུལ་ཕྱིན་ལེགས་པར་སྨིན། །

སྨིན་ལེགས་ལེགས་བྲིས་གཞོན་དབུས་མངོན་དུ་འཕགས།།

འཕགས་མའི་ཡོན་ཏན་ཡོངས་འདུས་རིག་བྱེད་མ། །

མ་ལུས་སྲིད་ཞིའི་དབྱངས་ཀྱི་སྙན་པ་སྩོལ། །

རྒྱལ་ཀུན་ཐུགས་བསྐྱེད་ཀྱིས་སྦྲུམ་དབྱངས་ལྷས་མ། །

མ་སྨད་ཕྱིན་དྲུག་དོན་ཀུན་ཐུགས་རྒྱུད་སྨིན། །

སྨིན་ཕྲའི་གནག་སྣུམ་རེ་ཁ་མཛེས་འཁྱུག་མ། །

མ་ལི་ཀ་ཡི་མདངས་ལྟར་ཁྱེད་སྐུ་དཀར། །

སྲི་ཞིའི་དབྱངས་ཀྱི་བསྡུས་གཟུགས་ངང་མོ་དཀར། །

དཀར་ཞོད་མདངས་ལས་ཁྱད་འཕགས་ཡིད་འོང་སྐུ། །

སྐུ་རྒྱན་བྱུ་རུའི་འཕྱང་འཕྲུལ་བྲང་ལྟོངས་མཛེས། །

མཛེས་བཀྲག་ལྟ་བས་མི་ངོམས་བསམ་གཏན་མ། །

སྙན་ཤལ་སྤྲིན་དཀར་འདབ་མ་རྒྱས་པའི་ལྟོངས། །

མཛེས་བྱད་གསེར་གྱི་རྣ་ཀོར་རྨད་བྱུང་ཅན། །

འཛིན་མེད་བསིལ་རླུང་བསྒུལ་བའི་སིང་སྒྲ་ཡིས། །

སྙན་འཕྲིན་ངོ་མཚར་འཛིན་པར་སྐྱེངས་པ་སྟེར། །

མི་བཤིག་རྡོ་རྗེའི་སྲུང་ཕྲེང་བསྐོར་བའི་དཀྱིལ། །

དཀར་དམར་དར་གོས་སྐུར་གསོལ་གར་མཁན་མས། །

དཀར་འཇམ་དབྱངས་ཀྱི་སྐུད་སྣེར་སོར་རེག་སྟེ། །

མི་ངོམས་སྒྲ་དབྱངས་སྙན་པ་ཆར་ལྟར་བསྙིལ། །

བྱུར་དམར་མུ་ཁྱུད་མཛེས་པའི་སྨྲ་སྒོའི་ཚལ། །

ངག་རིག་པད་མོའི་འཛུམ་ཁ་དགོད་པ་ལས། །

སྨྲ་དབང་མཁས་ཡིད་བུང་བ་མྱོས་བྱེད་ཀྱི། །

ངག་དབང་བརྩེ་བའི་ཡུམ་ཆེན་གང་དེར་རྒྱལ། །

སྒྲ་རྒྱན་མུ་ཏིག་དོག་པོས་མཛེས་བཀྲམ་པའི། །

རྨད་བྱུང་དབྱངས་གསལ་མེ་ལོང་འདི་ཀོ་ནི། །

ངག་དབང་དབྱངས་ཅན་དགྱེས་པའི་འཛུམ་རིས་བཞིན། །

དཔྱོད་ལྡན་མཁས་པའི་སྤྱན་དུ་དཔྱིད་འཇོ་སྨོན། །

  • ལེ་ཚན་སྔོན་མ།:ང་ཡི་གཡུ་ཐོག་ཟམ་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།