དབྱངས་ཅན་འབོད་པའི་མགུར་མ།

        2024-04-10

ཞལ་མཛེས་པ་ཟླ་བའི་གཟི་མདངས་ལ། །


སྤྱན་ཟུར་མིག་འཁྲིལ་བག་རབ་ཏུ་སྒེག །


འཛུམ་མཆུ་སྒྲོས་པད་མའི་ཟེའུ་འབྲུ་ཡི། །


ལྷ་ཆོས་སྐྱོང་སྲུང་མའི་ཡིད་དབང་འཕྲོག །


སྐུ་མཚར་སྡུག་གཞོན་ནུའི་ལང་ཚོ་ཅན། །


སྙིང་ཆུ་སྐྱེས་བཞད་པའི་དཀྱིལ་དུ་བྱོན། །


ཡིད་རྨོངས་པའི་མ་རིག་རྩ་བར་བཅད། །


མ་དབྱངས་ཅན་དངོས་གྲུབ་བདག་ལ་སྩོལ། །


གསུང་སྙན་འཇེབས་སྒྲ་དབྱངས་ཐོལ་གྱིས་བརྡོལ། །


འོག་ལྷ་ཀླུ་རྣམ་ཤེས་ཚོར་བས་བཟི། །


ངག་མ་བཅོས་རང་བྱུང་གསུང་དབྱངས་སྙན། །


ལྷ་མཚོ་བྱུང་མགྲིན་དབྱངས་བདག་ལ་སྩོལ། །


ཐུགས་རབ་འབྱམས་ཤེས་བྱ་ཇི་ལྟར་གཟིགས། །


བྱམས་སྙིང་རྗེའི་འོད་དཀར་ཐུགས་ལ་མངའ། །


ཕྱག་པི་ཝང་རིན་ཆེན་རྒྱུད་མངས་ཀྱིས། །


ཚིག་སྙན་མོའི་ངག་རིག་མདངས་སུ་ལུད། །


༼ དྷཱ་ཏྲཱི། ༽


  • ལེ་ཚན་སྔོན་མ།:ཧི་མ་ལ་ཡའི་མཐོ་ཚད།
  • ལེ་ཚན་རྗེས་མ།:སྨྲེང་བ་མོད་པའི་ལོ་ཟླ།