ཞི་ཅིན་ཕིང་འཛམ་གླིང་གི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་ཚོགས་ལ་ཞུགས།

        2023-11-21

     སྤྱི་ཟླ11པའི་ཚེས17ཉིན་གྱི་སྔ་དྲོར། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པ་ཨ་རིའི་ཅིའུ་ཅིན་ཧྲན་གྱི་མོ་སི་ཁོ་ཉི་ལྟེ་གནས་སུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད། 《ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཐོག་མཐུན་སྒྲིལ་མཉམ་ལས་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་སྤུས་ཚད་མཐོ་བའི་འཕར་སྣོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད། 

     ཞི་ཅིན་ཕིང་གིས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱིས་མགོ་ཁྲིད་པའི་དུས་བཀག་གྲོས་ཚོགས་ལམ་སྲོལ་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་དེ། ས་ཁོངས་ཀྱི་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན། དཔལ་འབྱོར་ལག་རྩལ་འཕེལ་རྒྱས། དངོས་ཟོག་དང་མི་སྣའི་འཁོར་རྒྱུག་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི“ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ངོ་མཚར”བཏོད་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་ལ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད་པས། གོ་ལ་ཧྲིལ་པོའི་འཕར་སྣོན་གྱི་སྒུལ་ཤུགས་ཡིན་པའི་ངོས་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ལ་དུས་རབས་ཀྱི་འགན་འཁྲི་སྔར་ལས་ཆེ་བ་ཡོད། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་འགོ་ཁྲིད་པ་ཡིན་པའི་ཆ་ནས། ང་ཚོས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གང་འདྲ་ཞིག་གཏོད་རྒྱུ་དང་ཇི་ལྟར་བྱས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་འཕེལ་རྒྱས་ཀྱི“དུས་བཟང་གི་ལོ་ངོ་སུམ་ཅུ”རྗེས་མ་དེ་གཏོད་རྒྱུ། འཕེལ་རིམ་འདིའི་ཁྲོད་ཇི་ལྟར་བྱས་ཏེ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་བཅས་ཀྱི་ཐད་བསམ་གཞིགས་གཏིང་ཟབ་བྱེད་དགོས་ཞེས་བསྟན་ཡོད།

     ཞི་ཅིན་ཕིང་གིས། ང་ཚོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཐོག འགན་འཁུར་བའི་སྒོ་ནས་དུས་རབས་ཀྱི་འབོད་སྒྲར་ལན་ཆ་བྱེད་པ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། པུའུ་ཐེ་ལ་ཅ་ཡའི་ཕུགས་འདུན་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། སྒོ་དབྱེ་དང་། གསོན་ཤུགས་རྒྱས་པ། སྲ་བརྟན། ཞི་བདེ་བཅས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་གཅིག་མཐུན་མ་ལག་བསྐྲུན་པ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མི་དམངས་དང་མི་རབས་རྗེས་མ་རྣམས་ཐུན་མོང་དར་རྒྱས་ཡོང་བ་བྱེད་དགོས་ཏེ། 

     དང་པོ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས།  ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྔར་བས་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལག་གདང་སྦྲེལ་ནས་སྒོ་དབྱེ་དང་། གཞུང་དྲང་། དྲང་གཞག མཐོང་ཆུང་མེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་གཏོད་དགོས། གྲངས་འཛིན་ཅན་གྱི་བརྗེ་སྒྱུར་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་གྱི་འོབས་དོང་ཆུང་དུ་གཏོང་བ། གྲངས་གཞི་ཆེན་མོ་དང་། ཡུན་རྩིས་རྒྱག མི་ཐབས་རིག་ནུས། ཚད་རྡུལ་རྩིས་རྒྱག་སོགས་ལག་རྩལ་གསར་པ་ཉེར་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་ཟམ་མི་ཆད་པར་གཏོད་དགོས། ཀྲུང་གོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་དང་། ཁེ་ལས་ཀྱི་གྲངས་འཛིན་ཐོབ་ཐང་། གྲངས་འཛིན་ལག་རྩལ་སྤྱད་ནས་སྦགས་མེད་ཐཱན་ཉུང་གི་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་འགོ་བཏོན་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་འཕེལ་རྒྱས་ལ་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤྲོད་བྱ་རྒྱུ་ཡིན། 

     གཉིས་པ། སྒོ་དབྱེའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་དགོས། རང་མོས་སྒོ་དབྱེའི་ཉོ་ཚོང་མ་འཇོག་ལ་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་དང་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་གཏོང་ཐུབ་རྒྱུར་སྲུང་སྐྱོང་བྱེད་པ། དཔལ་འབྱོར་ཉོ་ཚོང་གནད་དོན་དེ་ཆབ་སྲིད་ཅན་དང་། མཚོན་ཆ་ཅན། ཚང་མ་བདེ་འཇགས་ཅན་བཅས་ལ་འགྱུར་བར་ངོ་རྒོལ་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལེགས་པར་གཉེར་ཏེ། གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད། 

     གསུམ་པ། སྦགས་མེད་གོང་འཕེལ་རྒྱུན་འཁྱོངས་བྱ་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། གོང་འཕེལ་གཏོང་སྟངས་སྦགས་མེད་ཐཱན་ཉུང་ལ་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ། ཐཱན་ཉུང་དང་སྦགས་བཙོག་ཉུང་འཕྲི། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་འཕར་སྣོན་གྱི་སྦགས་མེད་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོས་འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་བ་བྱེད་པར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ང་ཚོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྦགས་མེད་ཞིང་ལས་དང་། རྒྱུན་མཐུད་རུང་བའི་གྲོང་ཁྱེར། ནུས་ཁུངས་ཐཱན་ཉུང་ལ་བརྗེ་སྒྱུར། རྒྱ་མཚོའི་སྦགས་བཙོག་འགོག་བཅོས་སོགས་ཀྱི་མཉམ་ལས་གྲོས་འགོ་བཏོན་ནས། དྭངས་གཙང་མཛེས་སྡུག་ལྡན་པའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། 

     བཞི་པ། ཀུན་ཕན་མཉམ་སྤྱོད་རྒྱུན་འཁྱོངས་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཐོག གོང་འཕེལ་གྱི་གནད་དོན་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་གནས་ཐོག་ལོག་རྒྱུར་སྐུལ་འདེད་གཏོང་བ་དང་། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་མཚལ་ཡིག་ཐུན་མོང་ཐོག་ཐག་གཅོད་བཅས་བྱེད་དགོས། ཕྱོགས་ཁག་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོའི་ནང་ཧུར་ཐག་ཞུགས་ནས། དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། བཟོ་ལས་ཅན། མ་དངུལ་གྲབས་གསོག་གོང་འཕེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གཅིག་མཐུན་མ་ལག་བསྐྲུན་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱིས་དཔལ་འབྱོར་ལག་རྩལ་ཐད་མཉམ་ལས་བྱ་རྒྱུར་ཀྲུང་གོས་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་ནན་སྟོན་གནང་འདུག

     ཞི་ཅིན་ཕིང་གིས། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་ཞི་བདེའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། སྤུས་མཐོའི་གོང་འཕེལ་རྒྱུན་འཁྱོངས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་ཕྱོགས་ཁག་དང་ལྷན་དུ་འབད་བརྩོན་གྱིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི“དུས་བཟང་གི་ལོ་ངོ་སུམ་ཅུ”རྗེས་མ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད། 

     ཚོགས་འདུ་དེ་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་གཙོ་སྐྱོང་བྱས་པ་དང་། བརྗོད་དོན་གཙོ་བོ་ནི “མི་ཚང་མར་སྲ་བརྟན་དང་རྒྱུན་མཐུད་རུང་བའི་འབྱུང་འགྱུར་གཏོད་དགོས”ཞེས་པ་དེ་རེད། 

     ཚོགས་འདུའི་ཐོག《2023ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མགོ་ཁྲིད་པའི་ཅིའུ་ཅིན་ཧྲན་གྱི་བསྒྲགས་གཏམ》སྤེལ་བ་རེད།  

     ཝང་དབྱི་ཚོགས་འདུར་ཞུགས་ཡོད།




ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་པའེ་ཏེང་ནས་ཀྲུང་ཨའི་གཙོ་བདག་གི་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།