ལ་གླུའི་ལྷ་མོ།

ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།        2024-03-01

     བོད་ཀྱི་གླུ་མ་གྲགས་ཅན་སྐྱིད་བྱམས་ཀྱི་གནས་ཚུལ་རགས་བཀོད།

ལ་གླུའི་ལྷ་མོ།

    ལ་གླུའི་ལྷ་མོ་ཞེས་མཚན་གྱི་སྙན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པའི་བོད་ཀྱི་གླུ་མ་སྐྱིད་བྱམས་ནི་ལ་གླུའི་ཕ་ས་ཞེས་གྲགས་པའི་ཁམས་བྲག་མགོའི་གཙང་ཐ་ས་ཆར་སྐྱེས། མོ་ལ་ཆུང་དུས་ནས་ལྷན་སྐྱེས་སུ་མངའ་བའི་མགྲིན་ངག་སྙན་མོ་འདི་ཡུལ་སྡེ་བའི་ན་མཉམ་ཚོ་དང་ལྷན་དུ་གླུ་ངག་གི་གདངས་དབྱངས་ངག་ལ་འགུག་བཞིན་གཡང་དཀར་ལུག་ཁྱུའི་འབའ་སྒྲ་དང་ཐུལ་དཀར་འབྲི་མོའི་ངུར་སྒྲའི་ཁྲོད་ནས་འཚར་ལོངས་བྱུང་ཞིང་། སྐད་ངག་སྙན་མོས་ཡངས་པའི་རྩྭ་ཐང་དང་མཐོན་པོའི་རི་བོ་ཀུན་ལ་མ་ཁྱབ་པ་མེད་ཅིང་། གཙང་སྟོད་སྨད་ནས་རྒན་གཞོན་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་སའི་གླུ་མ་ཞིག་ཏུ་གྱུར། སྤྱི་ལོ1973ལོར་སྡེ་བའི་སློབ་ཆུང་དུ་ཞུགས་ནས་བོད་ཡིག་དང་རྒྱ་ཡིག་སྦྱངས། མོ་སློབ་ཆུང་འགྲིམ་སྐབས་སློབ་གྲྭའི་ཕྱི་ནང་ཀུན་དང་། ཡུལ་ཤོག་དང་གྲོང་སྡེ་གོང་འོག་ཚང་ མར་སྐད་གྲགས་ཡོད་པར་མ་ཟད། སློབ་གྲྭ་དང་ཕ་ཡུལ་གྱི་ཚབ་བྱས་ནས་བྲག་མགོ་རྫོང་གི་འཁྲབ་སྟོན་དང་ལ་གཞས་འགྲན་སྡུར་དུ་ཞུགས་ནས་བྱ་དགའི་རྟགས་མ་ཐོབ་ཡོད།

    སྤྱི་ལོ1981ལོར་བྲག་མགོ་རྫོང་གི་ལ་གླུ་འགྲན་སྡུར་དུ་ཞུགས་ནས་བྱ་དགའ་ཨང་དང་པོ་བླངས་པས་ལོ་དེར་རྫོང་རིམ་པའི་འཐུས་ཚབ་རང་བཞིན་གྱི་ལ་གླུའི་བརྒྱུད་འཛིན་པར་བདམས། སྤྱི་ལོ1982ལོར། དར་མདོར་སྤེལ་བའི་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་ལ་གླུའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པས་སྐྱིད་བྱམས་ཞེས་པའི་མིང་གི་སྙན་པ་གང་སར་ཁྱབ་པར་མ་ཟད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་བསྡུ་ལེན་བྱས་ནས་ཁུལ་གླུ་གར་ཚོགས་པའི་ན་གཞོན་གླུ་མ་ཞིག་ཏུ་གྱུར། དུས་དེ་ནས་བཟུང་། གླུ་གར་ཚོགས་པའི་དགེ་རྒན་ཚོའི་དྲུང་ནས་ཆེད་ལས་ཀྱི་ཤེས་བྱ་དང་རང་ཉིད་ལ་མི་འདང་བའི་རིག་གནས། རྒྱ་ཡིག་གི་རྨང་གཞིའི་ཤེས་བྱ་སོགས་སྦྱངས་པ་གང་བཟང་བྱས་པས་གླུ་གར་སྒྱུ་རྩལ་གྱི་ལམ་བུ་རུ་ཤེས་བྱའི་རྨང་གཞི་གང་བཟང་འདིང་ཐུབ་པ་བྱུང་། སྤྱི་ལོ1984ལོར་སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་རིག་རྩལ་ལེ་ཚན་གྱི་ལ་གླུའི་ཕབ་བཟོ་ལས་ཀར་ཞུགས། སྤྱི་ལོ1987ལོར་ཁུལ་གླུ་གར་ཚོགས་པའི་བཀོད་སྒྲིག་ལྟར་ཀྲུང་དབྱང་མི་རིགས་རོལ་དབྱངས་སློབ་གླིང་དུ་ཟབ་སྦྱོང་དུ་ཞུགས། སྤྱི་ལོ1989ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་བཞི་བཅུ་འཁོར་བའི་གྲངས་ཉུང་མི་རིགས་སྒྱུ་རྩལ་བའི་མཉམ་འབྲེལ་འཁྲབ་སྟོན་དུ་ཞུགས། སྤྱི་ལོ1992ལོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་གླུ་དབྱངས་འགྲན་སྡུར་ཆེན་མོའི་མི་རིགས་དབྱངས་རྟའི་ན་གཞོན་ཚོ་ཆུང་དུ་ཞུགས་ནས་འཁྲབ་ལེན་པའི་བྱ་དགའ་ཐོབ། སྤྱི་ལོ1992ལོ་དང1994ལོ་གཉིས་ལ་ཉི་ཧོང་རྒྱལ་ཁབ་ཀྱིས་གདན་དྲངས་པ་ལྟར། སྔ་ཕྱི་ཐེངས་གཉིས་ལ་ཀྲུང་གོའི་མི་རིགས་སྒྱུ་རྩལ་ཚོགས་པ་དང་མཉམ་དུ་ཉི་ཧོང་རྒྱལ་ཁབ་ཏུ་བསྐྱོད་ནས་ལྷན་སྐྱེས་གླུ་ངག་སྙན་མོ་ངག་ལ་བཀུག་ནས་ཡུལ་དེ་གའི་སྐྱེ་འགྲོ་ཕོ་མོ་ཀུན་ལ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་དབྱངས་ཕུལ་བས་མོ་ལ་གླུ་ཡི་ལྷ་མོ་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་ཅིང་རྒྱལ་ཕྱི་ནང་ཀུན་ལ་སྙན་པའི་གྲགས་པ་འབར་བས། སྔ་ཕྱིར་ཨ་ཤེ་ཡ་སྒྱུ་རྩལ་དུས་ཆེན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཀྱི་བརྙན་འཕྲིན་ཁང་ཆེ་གྲས་དང་རྒྱང་བསྒྲགས་ཁང་སོགས་འཕྲིན་སྦྱོར་སྡེ་ཁག་གང་མང་གིས་གདན་དྲངས་པ་ལྟར་ཞུགས་པ་དང་། རྒྱལ་ཕྱི་ནང་གཉིས་ནས་གཟེངས་བསྟོད་ཀྱི་བྱ་དགའ་བཅུ་ལྷག་ཐོབ། སྤྱི་ལོ1993ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཨུ་ཡོན་ལ་བདམས། སྤྱི་ལོ1994ལོར་མི་སྒེར་གྱི་ཆེད་བསྒྲིགས་སྒྲ་ཐག་ཐོག་མ《ལ་གླུའི་ལྷ་མོ》པར་དུ་བསྐྲུན་ནས་བཀྲམ། སྤྱི་ལོ1999ལོར་གླུ་པ་གཡུང་དྲུང་དབང་རྒྱལ་གྱིས་གདན་ཞུས་ལྟར་གཟི་ཚ་སྡེ་དགུ་གླུ་གར་སྒྱུ་རྩལ་ཚོགས་པར་ཞུགས་ནས་མི་ཡུལ་གྱི་ཞིང་ཁམས་སུ་གྲགས་པའི་ཡུལ་སྐོར་བའི་འདུ་ལོང་རྒོད་པའི་ས་གནས་དེར་སོང་ནས་ལ་གླུ་སྙན་མོས་ཕྱོགས་སོ་སོའི་ཡུལ་སྐོར་བ་སྐུ་མགྲོན་དག་གི་ཡིད་སེམས་སྐྱིད་ལ་བསྐུལ། རིགས་མི་གཅིག་པའི་རྒྱལ་ཕྱི་ནང་གི་ལྟད་མོ་བ་ཚོས་གླུ་མ་སྐྱིད་བྱམས་ཀྱི་གཟེངས་མཐོ་བའི་གླུ་ངག་དེ་ལས། བོད་མི་རིགས་ཀྱི་མཐོ་སྒང་གི་ལ་གླུའི་བྲོ་བ་ངོ་མ་དེ་མྱོང་ཐུབ་པས། མི་རིགས་འདིའི་གླུ་ངག་གི་སྒྱུ་རྩལ་ལ་གཟེངས་བསྟོད་ཆེན་པོ་ཐོབ། སྤྱི་ལོ2003ལོར་གླུ་མ་སྐྱིད་བྱམས་ཀྱི་དྲིན་མ་ལོ་ཚེ་ཡི་དུས་བྱས་པས་མོ་ལ་གླུ་ལེན་འདོད་ཀྱི་ཡི་ག་ཡོངས་སུ་འགག་ནས་གླུ་གར་འཁྲབ་སྟོན་གྱི་ལས་ཀ་བསྐྱུར་ཏེ་གྲོང་ཁྱེར་ཁྲེང་ཏུའུ་རུ་ལོག་ནས་ཚོང་ལས་ཀྱི་ལམ་དུ་ཞུགས།

     གླུ་གར་སྒྱུ་རྩལ་གྱི་ལས་རོགས་མང་པོ་དང་མོའི་གླུ་ངག་ལ་ཞེན་མི་མང་པོ་ཞིག་གིས་རེ་སྐུལ་བཞིན་སྤྱི་ལོ2007ལོར་མོ་རང་སླར་ཡང་གླུ་གར་སྒྱུ་རྩལ་གྱི་ལམ་བུར་ཕྱིར་ལོག། ལོ་དེར“གདན་ཐོག་རི་འདབས་ཀྱི་བརྩེ་སེམས་ཟབ་མོ”ཞེས་པའི་བོད་རིགས་སྐར་ཆེན་གྱི་དགེ་སྒྲུབ་འཁྲབ་སྟོན་བྱེད་སྒོར་ཞུགས་ནས་བྱིས་པ་དབུལ་པོར་དགེ་སྒྲུབ་མ་དངུལ་གྲབས་གསོག་བྱས། སྤྱི་ལོ2008ལོར་ལྷ་སའི་གཉན་ཆེན་ཐང་ལྷའི་སྒྱུ་རྩལ་འཁྲབ་སྟོན་ལྟེ་གནས་སུ་མོ་རང་བསྐྱར་དུ་གླུ་གར་སྒྱུ་རྩལ་གྱི་སྟེགས་བུར་བུད་པའི་མི་སྒེར་གྱི་གླུ་གཞས་འཁྲབ་སྟོན་ཆེད་ཚོགས་བསྡུས་པས་མ་ཚད། མོ་རང་གི་མི་སྒེར་གྱི་གླུ་གཞས་ཆེད་བསྒྲིགས《ལ་གླུའི་ལྷ་མོ》གཉིས་པ་པར་དུ་བསྐྲུན་ནས་བཀྲམ།

ལ་གླུའི་ལྷ་མོ།

   སྔ་ཕྱིར《གསེར་རྟའི་དམངས་གླུ། 》《རྫ་ཆུ་ཁའི་ལ་གླུ།》 《ལི་ཐང་གི་ལ་གླུ། 》《མི་ཡུལ་ས་ཆ། 》《ནས་ཆང་སྲུབ་གླུ》《བྲག་མགོ་ལ་གླུ།》《ནས་རྡུང་བའི་གླུ》《རི་ཆེན་བརྒལ་བ》《གླུ་ཡི་ལྷ་མོ》དང་པོ་དང་གཉིས་པ་སོགས་དང་། གཞན་དང་མཉམ་འབྲེལ་གྱིས《བཀྲ་ཤིས་བདེ་ལེགས》《ཁུ་བྱུག》《གཟི་ཚ་སྡེ་དགུའི་དམངས་སྲོལ།》《གངས་ལྗོངས་ཉི་མ།》《མ་ཎི་མགུར་དབྱངས།》《ཡིད་འཕྲོག་ཟླ་བ》《མཐོ་སྒང་ཐུ་བྷོད》སོགས་ཀྱི་ལ་གླུ་དང་དེང་གཞས་སྐོར་གྱི་ཆེད་བསྒྲིགས་སྒྲ་ཐག་དང་ཟེར་སྡེར་པར་དུ་བསྐྲུན་ནས་བཀྲམ་པས་བོད་ཡུལ་སྟོད་སྨད་བར་གསུམ་ནས་དགའ་བསུ་ལྷག་ཏུ་ཐོབ། ད་སྔར་ལྷ་ས་དང་མཚོ་སྔོན། སི་ཁྲོན་སོགས་ས་གནས་མང་པོའི་ཆེད་བསྒྲུབས་ལོ་སར་དགོང་ཚོགས་དང་རིག་རྩལ་འཁྲབ་སྟོན་སོགས་སུ་ཞུགས་ནས་ལ་གླུ་སྙན་མོ་དབྱངས་ལ་འགུག་བཞིན་ཉན་མཁན་ཁྲི་སྟོང་མང་པོའི་སྙན་གྱི་དབང་པོ་གསོས་དང་གསོ་བཞིན་པ་ལགས་སོ།།


བཅར་འདྲིའི་ལེའུ།

ཁྱེད་དང་ལ་གླུའི་བར་ལ་ཐོག་མའི་འབྲེལ་བ་གང་འདྲ་ཞིག་ནས་བྱུང་བ་ཡིན། ལ་གླུ་འདི་སྦྱོང་བར་ཆེད་དུ་དགེ་རྒན་བསྟེན་མྱོང་ངམ།

     ང་ཆུང་དུས་ནས་འབྲོག་གླུ་ལེན་རྒྱུར་ཧ་ཅང་དགའ། འབྲོག་གླུ་བླངས་ནས་ནར་སོན་པ་རེད། ང་ལོ12ཡར་མར་ལ་གླུ་ལེན་ཤེས། ངའི་ཨ་མ་གླུ་མ་ཞིག་ཡིན་ལ། ཨ་མས་རྒྱུན་པར་རྫི་བོར་འགྲོ་སྐབས་དང་འབྲི་མོ་བཞོ་སྐབས། ཁྱིམ་ལས་ལ་ཞུགས་སྐབས། འོ་མ་བཤིགས་སྐབས་སོགས་གང་དུ་ལས་ཀ་ཅི་ལས་རུང་ལ་གླུའི་མགྲིན་ངག་གི་དབྱངས་རྟ་སྙན་མོ་འདི་ངག་ལ་འགུག་བཞིན་ཡོད་པ་ཞིག་ཡིན། ངའི་སེམས་སུ་ཨ་མའི་གླུ་འདི་ཚོ་ཅི་འདྲའི་སྙན་པ་ལ་ཨང་སྙམ་ནས་དྲིན་མ་ལོ་དང་མཉམ་དུ་སྦྱངས་པ་ཡིན། ཨ་མ་གང་དུ་འགྲོ་ན་ཨ་མའི་རྗེས་སུ་བསྙེགས་ནས་སོང་མྱོང་ལ། རྗེས་སོར་ཨ་མས་ཆེས་ལེན་པར་དགའ་བའི་ལ་གླུ་ཞིག་ང་ལ་བསླབས། ངས་བརྩོན་པ་ཆེན་པོས་སྦྱངས་ནས་ལ་གླུ་དེ་ལེན་ཤེས་པར་གྱུར། རྗེས་སོར་ང་རང་རྒྱལ་ཕྱི་ནང་གང་དུ་སོང་ནས་འཁྲབ་སྟོན་ལ་ཞུགས་ན་ཨ་མས་བསླབས་པའི་ལ་གླུ་འདི་ལེན་བཞིན་ཡོད། རྗེས་སོར་ཕ་ཡུལ་གྱི་སྨོན་ཚིག་དང་ཕ་ཡུལ་དྲིལ་བསྒྲགས་སོགས་འདུས་པའི་གླུ་ཚིག་ལ་འགྱུར་བ་ཅུང་བཏང་བ་ཡིན། ལ་གླུ་ནི་གཅིག་ན་བོད་མི་རིགས་ཀྱི་རིག་གནས་ཡིན་ལ། གཉིས་སུ་དྲིན་མ་ལོའི་ང་ལ་བསླབས་པའི་ལ་གླུ་ཡིན། གསུམ་ན་ཕ་ཡུལ་འོས་སྦྱོར་བྱེད་པའི་ལ་གླུ་ཡིན། ང་ལ་གླུ་ལ་དགའ་བས་ལ་གླུ་ལ་བཅངས་པའི་བརྩེ་བ་འདི་འགྱུར་མ་མྱོང་། ལ་གླུའི་རིག་གནས་འདི་རྒྱུན་བསྐྱངས་དང་སྐྱོང་བཞིན་ཡོད། འདི་ལྟར་བཤད་ནས་ཡོང་ན་ངའི་ལ་གླུའི་དགེ་རྒན་ནི་དྲིན་ཆེན་ཨ་མ་ཡིན།


ལ་གླུའི་ལྷ་མོ།

བོད་ཀྱི་ལ་གླུའི་རིག་གནས་འདི་སྐད་སྙན་མོ་ཡོད་པ་ཙམ་གྱིས་ལེན་ཆོག་པ་དང་བརྒྱུད་འཛིན་བྱེད་ཆོག་པ་ཞིག་རེད་མི་འདུག་པས། ཁྱེད་ཀྱིས་ལ་གླུ་རིག་གནས་འདི་བརྒྱུད་འཛིན་དགོས་ན་ཆ་རྐྱེན་གང་དག་འཛོམ་དགོས་དྲན་བཞིན་ཡོད།

    སློབ་སྦྱོང་བྱེད་དགོས་ཀི་འདུག། གླུ་པ་གླུ་མ་ཚོས་ལ་གླུའི་དགེ་རྒན་བཙལ་ནས་ལ་གླུ་སྦྱོང་དགོས་རེད། ངའི་བསམ་པར་ལོ20ཡན་གྱི་གླུ་བ་འཚོལ་དགོས་ན་དཀའ་མོ་རེད། སྐད་ངག་ཡག་པོ་མང་པོ་འདུག། ཡིན་ཡང་མང་པོ་ཞིག་ཁྱིམ་ཚང་གི་དཀའ་ཁག་སོགས་ལས་ཁོམ་པ་ཞིག་མི་འདུག། ལོ20མན་ཆད་ལ་གླུ་ལེན་ཤེས་མཁན་ཉུང་ཉུང་རེད། ལ་གླུ་ལེན་ཤེས་མཁན་འཚོལ་དཀའ་མོ་རེད། ང་ཚོས་ངེས་པར་དུ་སྐད་ངག་ཡག་པོ་ཡོད་མཁན་ཚོས་ལ་གླུ་ལ་སྦྱོང་བ་ཡག་པོ་བྱེད་དགོས་ཀི། ད་སྔར་ལ་གླུ་ལེན་མཁན་ཉུང་ཉུང་རེད། རྒྱུ་མཚན་དེའི་ཕྱིར། ལ་གླུའི་བརྒྱུད་འཛིན་པ་ཇེ་ཉུང་ཉུང་རེད།


བོད་ཀྱི་ལ་གླུའི་རིག་གནས་འདི་ད་ལྟའི་གནས་བབ་གང་འདྲ་ཞིག་ལ་སླེབས་ཡོད་དམ། མ་འོངས་པར་ཇི་ལྟར་འཕེལ་རྒྱས་གཏང་དགོས་སམ།

     ངས་བསམ་ན། འུ་ཚོ་མི་རིགས་ཀྱི་ལ་གླུའི་གླུ་པ་གླུ་མ་མང་པོ་མི་འདུག། དཔེར་ན། ང་ད་ལོར་འཁྲབ་སྟོན་ཐེངས16ལ་ཞུགས་པ་ཡིན། འཁྲབ་སྟོན་ཐེངས9ཡི་སྟེང་དུ་ལ་གླུ་ལེན་མཁན་མི་འདུག། འཁྲབ་སྟོན་ཐེངས7གྱི་སྟེང་དུ་ལ་གླུ་ལེན་མཁན་ཁ་ཁེར་འདུག། ང་གང་དུ་སོང་ནས་འཁྲབ་སྟོན་བྱེད་དུས། ལ་གླུ་ལེན་མཁན་ཡོད་མེད་ལ་དོ་སྣང་བྱེད་བཞིན་ཡོད། ལ་གླུ་ལེན་མཁན་ཡོད་ན་ཁོ་ཚོ་དང་འབྲེལ་བ་བྱས་ནས་ང་རང་ཉིད་ཀྱིས་ཤེས་ཚད་ཀྱིས་ཁོ་ཚོར་ཁ་བརྡ་བྱེད་བཞིན་ཡོད། ང་ཚོས་ད་རུང་ལ་གླུ་སྦྱོང་དགོས་ཀི་འདུག། ལ་གླུ་སྦྱངས་ནས་ལ་གླུའི་གླུ་པ་གླུ་མ་བྱུང་ན་ད་གཟོད་འཕེལ་རྒྱས་གཏང་ཆོག་གི་རེད།

ལ་གླུའི་ལྷ་མོ།

ཁྱེད་ཀྱི་ལ་གླུའི་འགྱུར་ཁུག་རེ་རེ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ལྷང་ལྷང་གྲགས་ནས་མགོ་ནག་བོད་མི་ཡོངས་ཀྱི་སེམས་ཁམས་སྐྱིད་ལ་བཀོད་མྱོང་ཞིང་། བོད་ཀྱི་སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་ལགས་ཀྱིས་སྙན་ངག་གི་ལམ་ནས་ཁྱེད་ཀྱི་སྐད་ངག་ལ་མཐོང་ཆེན་གནང་ཡོད་པ་འདིས་ཁྱེད་ལ་སྐུལ་སློང་ག་འདྲ་ཐེབས་བྱུང་།

     སྤྱི་ལོ1994ལོའི་ཉིན་ཞིག་ལ། འཇུ་སྐལ་བཟང་ལགས་ཀྱིས་ངའི་སྐད་ངག་ལ་བྲིས་པའི་ཁུག་རྟའི་གཤོག་འགྱུར་ཞེས་པའི་སྙན་ངག་དེ་འབྱོར་བྱུང་། ཁོང་གིས་བྲིས་པའི་སྙན་ངག་བཀླགས་ནས་སེམས་སུ་དགའ་སྤྲོ་དཔག་མེད་སྐྱེས། རྗེས་སོར་རྒན་ཁོང་ངོ་ཤེས་ཚེ། ཁོང་གིས་ངའི་ལ་གླུ་འདི་དག་ཐོས་ཚེ། ཁོང་ལ་སེམས་འགུལ་ཚད་མེད་ཐེབས་སོང་བས་སྙན་ངག་འདི་བྲིས་པ་ཡིན་གསུངས། ངས་སྙན་ངག་འདི་ལ་གཅེས་སྤྲས་བྱས་ནས་མཐའ་སྒྲོམ་བཟོས་ནས་རང་གི་བོད་ཟས་ཁང་གི་གྱང་ངོས་སུ་བཀལ་ཡོད། མགྲོན་པོ་མང་པོས་སྙན་ངག་འདི་བཀླགས་དུས་ངའི་སེམས་སུ་སྤོབས་པ་སྐྱེས་འོས་པ་ཞིག་རེད།


ཁྱེད་ལ་ལ་གླུ་རྐྱང་པ་མ་ཡིན་པར་དེང་གཞས་བརྩམས་ཆོས་ཡང་མང་པོ་ཡོད་པས། དེང་གཞས་དང་ལ་གླུ་གཉིས་ཀྱི་བར་ལ་འབྲེལ་བ་གང་འདྲ་འདུག་གམ།

     ངས་བླངས་པའི་ལ་གླུ་དང་དམངས་གླུ། རྡུང་ལེན་བཅས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་རེད། ངས་ཆེད་བསྒྲིགས་པར་བསྐྲུན་བྱེད་ཚེ་ནང་དོན་ཚང་མ་ལ་གླུ་རྐྱང་པས་གྲུབ་ན་ཉན་པ་པོ་མང་པོ་ཞིག་གི་དགའ་བསུ་ཐོབ་རྒྱུ་མ་རེད་དྲན་ནས་དམངས་གླུ་དང་རྡུང་ལེན་འགའ་ངའི་ཆེད་བསྒྲིགས་ནང་བཅུག་པ་ཡིན། དཔེར་ན། ཕ་ཡུལ་གྱི་སྐོར་བྲོ་དང་། བྲག་མགོ་ཉི་མས་ཚིག་བརྩམས་ཤིང་ཨ་རྒྱས་ཀྱིས་དབྱངས་བརྩམས་པའི་ནས་རྡུང་བ། འཇིགས་མེད་རྡོ་རྗེས་ཚིག་དང་དབྱངས་བརྩམས་པའི་བྲག་མགོ་དྲན་གླུ་དང་། འབའ་གཞས། རྒན་དཔལ་མགོན་གྱི་རྡུང་ལེན་སོགས་དེང་རབས་ཀྱི་གླུ་དབྱངས་དང་རྡུང་ལེན་འགའ་རེད། མ་ཎི་རྒྱང་འབོད་སོགས་ལ་གླུའི་སྐོར་ནི་ངའི་ཆེད་ལས་ཡིན་པས་ངས་གང་དུ་འཁྲབ་སྟོན་ལ་ཞུགས་ན་ལ་གླུ་རྐྱང་པ་ལས་དེང་རབས་ཀྱི་གླུ་དབྱངས་དང་རྡུང་ལེན་སྐོར་ལེན་བཞིན་མེད། གླུ་གཞན་པ་ལེན་ན་ལ་གླུའི་བྲོ་བ་ཤོར་འགྲོ་བར་དོགས་པས་ཡིན་ལ་སྐད་ངག་དང་མགྲིན་པ་ལའང་གནོད་ཀི་འདུག། དེའི་ཕྱིར་ངས་དེང་རབས་གླུ་གཞས་དང་རྡུང་ལེན་སོགས་ལེན་པ་ཧ་ཅང་ཉུང་ཉུང་ཡིན།


ལ་གླུའི་ལྷ་མོ།

ཁྱེད་ནི་བོད་ཀྱི་ལ་གླུའི་བདག་མོ་དེ་ཡིན་པས། མི་ཚེའི་བརྒྱུད་རིམ་ཁྲོད་དུ་ལ་གླུ་རིག་གནས་འདི་ཉིད་བརྒྱུད་འཛིན་མཁན་གྱི་སློབ་མ་གསོ་སྐྱོང་ག་འདྲ་བྱས་ཡོད།

    ངས་ལ་གླུ་བླངས་ནས་ལོ་སུམ་ཅུ་ལྷག་ལ་སླེབས་བཞིན་འདུག། ལོ་ཉི་ཤུའི་སྔོན་དུ་ངས་སློབ་མ་བཙལ་ནས་ལ་གླུ་བསླབ་དགོས་དྲན་མ་མྱོང་། ང་ལ་དེའི་ནུས་པ་དང་ཆ་རྐྱེན་མེད་པས་རེད། ལོ་བཅུ་ཁའི་སྔོན་ལ་གླུ་པ་འགའ་རེས་ང་བཙལ་ནས་ལ་གླུ་བསླབ་རོགས་ཞེས་རེ་བ་འདོན་བཞིན་འདུག། དེ་རྗེས་གཅིག་འཕྲོར་གཅིག་གིས་ལ་གླུ་སྦྱོང་འདོད་མཁན་གྱི་གླུ་པ་གླུ་མ་མང་པོས་ང་བཙལ་ནས་ལ་གླུ་བསླབ་རོགས་ཟེར། ངས་ད་ལྟའི་བར་ལ་གླུ་བསླབས་མྱོང་སའི་གླུ་པ་བཅུ་ལྷག་ཡོད། ཁོ་ཚོས་བརྩོན་པ་རྒྱུན་བསྐྱངས་ལུགས་ཧ་ཅང་བཟང་གི། ངས་རྒྱུན་པར་ཁོ་ཚོར་ལ་གླུ་འགྲན་སྡུར་མང་པོར་ཞུགས་པར་རོགས་པ་དང་སྐུལ་མ་བྱེད་བཞིན་ཡོད། སློབ་མ་ཚོ་ཁྲིད་ནས་ལ་གླུ་འགྲན་སྡུར་དུ་ཞུགས་དུས་ང་ལ་སེམས་ཁྲལ་ཆེན་པོ་སྐྱེ་བཞིན་འདུག། སེམས་ནས་བྲེལ་བ་ཆེན་པོ་ལངས་ཡོང་གི་འདུག། གླུ་པ་གླུ་མ་སོ་སོ་ལ་སྐབས་རེ་བྱ་དགའ་ཐོབ་འདུག། སྐབས་རེ་བྱ་དགའ་ཐོབ་མི་འདུག། རྒྱལ་ཁ་ཐོབ་རུང་མ་ཐོབ་རུང་ང་ལ་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་བཞིན་འདུག། སྔོན་མ་ང་རང་ཉིད་འགྲན་སྡུར་དུ་ཞུགས་དུས་ཀྱང་སེམས་འགུལ་འདི་འདྲ་ཐེབས་མ་མྱོང་ལ་སེམས་ཀྱང་འདི་འདྲ་འཚབ་མ་མྱོང་། རང་གི་སློབ་མ་ཚོ་འགྲན་སྡུར་དུ་ཞུགས་དུས་སེམས་དེ་ལས་ཀྱང་འཚབ་པ་ཞིག་རེད།


མཇུག་མཐར། ཁྱེད་ལ་མ་འོངས་པའི་བོད་ཀྱི་ལ་གླུ་རིག་གནས་བརྒྱུད་འཛིན་མཁན་གྱི་གླུ་པ་གླུ་མ་དག་ལ་རེ་བ་དང་སྨོན་འདུན་གང་དག་ཡོད།

     ལ་གླུ་ནི་འུ་ཚོའི་མི་རིགས་འདིའི་ཤེས་རབ་དང་བློ་གྲོས། རིག་གནས། མི་རིགས་ཀྱི་གཅེས་ནོར་བཅས་རེད། ང་ཚོའི་མེས་པོ་གོང་མ་ནས་བརྒྱུད་ཡོང་བའི་ལ་གླུའི་རིག་གནས་འདི་མི་རབས་ནས་མི་རབས་བར་བརྒྱུད་འཛིན་དང་དར་སྤེལ་གཏང་དགོས། ང་ཚོའི་སེམས་ཀྱི་དད་པ་འགྱུར་བ་མེད་པ་བཞིན་དུ་ལ་གླུ་ལ་བཅངས་པའི་བརྩེ་བ་འདིའང་འགྱུར་མི་རུང་དྲན་བཞིན་ཡོད། ང་ཚོས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལ་གླུའི་རིག་གནས་མང་པོ་བསྔོགས་ནས་ལ་གླུའི་བརྒྱུད་འཛིན་པ་མང་པོ་གསོ་སྐྱོང་བྱ་དགོས། རིགས་མི་གཅིག་པའི་མི་རིགས་མང་པོར་བོད་མི་རིགས་ཀྱི་ལ་གླུ་ལ་རྒྱུས་ལོན་འབྱུང་རྒྱུ་དང་། ལ་གླུ་རིག་གནས་འདི་སློབ་གྲྭར་སྤེལ་ནས་བོད་ཀྱི་བྱིས་པ་ཆུང་ཆུང་ཚོས་ཆུང་ནས་ལ་གླུ་རིག་གནས་འདི་ལ་འབྲེལ་འདྲིས་ཐུབ་པར་བྱ་རྒྱུ། གླུ་པ་གླུ་མ་དག་གིས་ཀྱང་གར་སྟེགས་སྟེང་ནས་འཁྲབ་ལེན་རྫུན་མ་མི་བྱེད་པ་དང་། མི་རིགས་རང་གི་ཆས་དང་སྐད་ཡིག་བརྒྱུད་འཛིན་ལ་ལྷག་ཏུ་འབད་རོགས་ཞེས་ཞུས་པ་ཡིན།

ལ་གླུའི་ལྷ་མོ།

  • ལེ་ཚན་སྔོན་མ།:དམངས་ཀྱི་སེམས་འཛེར་འབལ་བའི་སྨྲ་མཁས་ཅན།། སྤྱི་ཚོགས་འཆམ་མཐུན་སྲུང་བའི་འཇོན་གྲགས་པ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།