ལོ་ཟླ་ལགས་དལ་ཅིག་སྒུག་དང་།

༼ རི་སྤྱང་།༽        2024-03-01

ལོ་ཟླ་ལགས་དལ་ཅིག་སྒུག་དང་། ངས་མི་ཚེའི་འོད་སྣང་འཚོལ་བཞིན་ཡོད། ང་ལ་སང་ཉིན་ཟེར་བའི་དུས་དེ་མེད་པ་ན། ངས་རང་ཉིད་ཀྱི་འཚོ་བའི་ཡང་སྙིང་ཚང་མ་བོར་ཚར་བ་ཡིན། དུས་ཚོད་ནི་ཤིན་ཏུ་མགྱོགས་པ་ལ། མིག་རྡེབ་དབང་ཙམ་གྱིས་ལང་ཚོ་ནི་དེ་མ་ཐག་ཏུ་ཡལ། རི་མཐོན་པོ་དེའི་རྩེ་ནས་རྒྱང་རིང་ལ་སྨོན་པ་བྱས། རྒྱང་རིང་གི་ཕྱོགས་སུ་བསྐྱོད། ང་ཚོ་ལ་ཐོབ་ན་འདོད་པ་དེ་ཡང་རྒྱང་རིང་རེད་ལ། རྒྱང་རིང་གིས་དོན་མེད་ལ་བསླུ་བྲིད་གཏོང་བ་འང་བསམ་གྱིས་མི་ཁྱབ།

དུས་ཚོད་ཀྱི་རྗེས་ཆོད་མི་སྲིད་ཀྱང་། ངས་དུས་ཚོད་དང་འགྲན་རྩོད་བྱེད་འདོད། མཐའ་མར་ང་རང་ཕམ་ངེས།དུས་ཚོད་ཀྱིས་ཅག་ཅག་ཉུལ་ཉུལ་བྱས་ཏེ། འཆི་བའི་ལ་མོ་བརྒལ་འགྲོ་ངེས། ད་ལྟ་ང་རང་ལ་དུས་ཚོད་དང་འགྲན་ཕོད་པའི་སྙིང་སྟོབས་དང་སྤོབས་པ་མཆིས། ང་རང་མི་ཞིག་ཡིན་པའི་ཆ་ནས། རང་གི་ཤེས་རབ་བེད་སྤྱད་དེ་དམ་པའི་གསུང་རབ་ལ་འཇུག་ཅིང་། གཡའ་དག་པའི་བར་སྣང་ཞིག་་མཐོང་ཐུབ་པར་རེ་སྨོན་བྱེད་བཞིན་ཡོད།

ལོ་ཟླ་རེ་རེ་ནི་རི་གཟར་གྱི་རྦབ་རྡོ་བཞིན་འགྲིལ་ཡོང་། བཅོས་སུ་མེད་པ་འཁོར་བ་ཡི་རི་གྲོང་། ལོ་ཟླ་ལགས་དལ་ཅིག་སྒུག་དང་། བདག་གི་སེམས་ནང་དུ་སྦས་པའི་རེ་བ་དང་སྨོན་པ་མང་པོ་ཞིག་འགྲུབ་མེད། ངའི་རེ་བ་དང་སྨོན་པ་ནི་གནས་སྐབས་ཙམ་གྱིས་ཐག་གཅོད་ཆོག་པ་ཞིག་མ་ཡིན། རི་རབ་དང་རྒྱ་མཚོ། ཉི་མ་ཟླ་བ་སོགས་ཀྱིས་བདག་གི་སེམས་ཁོང་གི་དམིགས་ཡུལ་མཚོན་པར་བྱས་ཡོད།

ད་ལྟ་གསོན་པའི་ཚེ་མཛེས་སྡུག་རང་ཉིད་ཀྱིས་འཚོལ། འཆི་བའི་ཕ་རོལ་ཏུ་མཛེས་སྡུག་ཡོད་མེད་ཅི་ཆ་སྟེ། ལྐོག་གྱུར་གྱི་གསང་བ་མང་པོ་ཞིག་སུས་ཀྱང་རྒྱུས་ལོན་བྱེད་ཐབས་དཀའ། དེ་བས། ཐག་ཐག་རྒྱུག་བཞིན་པའི་དུས་ཚོད་ལ་གཅེས་སྤྲས་བྱས་ཏེ། རང་ལམ་རང་གིས་འཚོལ། འཆི་བའི་ལ་མོ་བརྒལ་རྗེས་སུ། ཤུལ་དུ་ལྷག་པའི་དངོས་པོ་གཅིག་དགོས། སྐྱེ་འགྲོ་ཚང་མ་དགའ་བ་དང་སྨོན་པ་བྱེད་པའི་མེ་ཏོག་ཅིག་ཡོད་ན་ཆོག། དེ་དུས་འཆི་བ་ལས་ཛེས་སྡུག་ལྡན་པ་གཅིག་ཡོད་ན་ཆོག་ཅིང་། ཁོང་ཅག་མེ་ཏོག་དེ་ཉིད་བསྣམས་ནས། དེ་ཡི་དྲི་བསུང་དང་མཛེས་སྡུག་མྱོང་རོལ་བྱེད་ཐུབ་སོང་བ་ཡིན་ན། ལོ་ཟླས་ང་རང་སྒུག་པའི་ཡང་སྙིང་ལོན་ཚར་བ་ཡིན། ལོ་ཟླ་ལགས་དལ་ཅིག་སྒུག་དང་།

  • ལེ་ཚན་སྔོན་མ།:ཁྱེད་ཀྱིས་བོད་ཚོན་སྐད་གྲགས་ཆོད་པའི་རྒྱུ་མཚན་ཤེས་སམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།