( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས། ) 2025-04-18
གཏམ་ཞེས་པ་ནི་བརྗོད་པའམ་སྐད་ཆའི་མིང་ལ་འཇུག་ཅེས་ཚིག་མཛོད་ཁག་ཏུ་གསལ་ཞིང་།གཏམ་པ་ཞེས་པ་ནི་བོད་སྤྱི་སྐད་ཀྱི་འགྲོས་ལྟར་ན་གཏམ་ཤོད་པ་པོའི་དོན་ཡིན་ལ།ཤར་མི་ཉག་ཡུལ་དུ་གཏམ་པ་ཞེས་བརྗོད་ཚེ་གཉེན་སྟོན་གཏམ་ཤོད་པ་པོའི་དོན་ལ་འཇུག་པའི་བདག་སྒྲ་ཡིན་པས་སྐབས་འདིར་ཡང་གཏམ་པ་ཞེས་བརྗོད་པའོ།།སྐབས་འདིར་གླེང་བར་བྱ་བ་ནི་སྨྲ་བའི་གཏམ་ལ་དབང་འབྱོར་ཞིང་ཁ་ལྕེ་གསེར་གྱི་ལྡེ་མིག་ལ་གཏམ་བཤད་པའི་གྲུབ་པ་ཐོབ་ཅིང་མིང་གི་སྙན་པའི་གྲགས་པ་ཤར་མི་ཉག་ར་བ་སྒང་གི་ས་ཡི་ཞིང་ན་ལྷང་ལྷང་དུ་གྲགས་པའི་ཁུལ་རིམ་པའི་གཉེན་སྟོན་གཏམ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་མི་རབས་བདུན་པ་གཏམ་པ་འཇུ་ཉི་མ་ལགས་ཡིན།
གཏམ་པ་འཇུ་ཉི་མ་ནི་སྤྱི་ལོ1963ལོའི་བོད་ཟླ3པའི་ཚེས8ཉིན་ཤར་མི་ཉག་ཞིང་གི་ཚ་ཉག་སྟོད་པ་ཞེས་པའི་འབྲོག་སྡེ་ཞིག་ཏུ་འཇུ་ཉན་ཤུལ་ཞེས་པའི་ཁྱིམ་རྒྱུད་ནས་སྐྱེས།ཆུང་དུས་ནས་འཇུ་ཉན་ཤུལ་གྱི་ཁྱིམ་རྒྱུད་དུ་འཁྲུངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞང་པོ་རིག་འཛིན་ལྷ་དབང་གི་སྐུ་མདུན་ནས་འབྲི་ཀློག་བསླབས་པས་རིག་པ་རྣོ་བའི་ཚད་དུ་གྲགས།དེ་རྗེས་ཞང་པོ་བསོད་ནམས་ཉི་མ་དང་ལྷུན་གྲུབ་ཉི་མ།ཟོན་ཐར་ཚེ་རིང་།རྣམ་ཐར་བཟང་པོ་སོགས་དགེ་རྒན་དུ་བསྟེན་ནས་ཡིག་དཀར་ནག་ལ་སློབ་པ་མཐར་ཕྱིན་པ་སྦྱངས།ཁྱད་པར་དུ་ཞང་པོ་རིག་འཛིན་ལྷ་དབང་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་གཟིགས་མཐོང་གནང་བའི་ཐུགས་རྗེའི་འོག་ནས་བཟོ་རིག་པར་བག་ཆགས་ཟབ་མོ་བཞག་ཅིང་།ཁོང་གི་དྲུང་ནས་རི་མོ་འབྲི་སྦྱང་ལ་གཞི་རྐང་སྲ་བརྟན་དུ་ཚུགས་པར་བྱས་ནས་སྐྱ་ཚོན་ཟུང་སྡེབས་ཀྱིས་ཐང་ཀ་དང་ལྡེབས་རིས་སོགས་འབྲི་སྦྱོང་བྱས།ཁོང་གི་ཞབས་འབྲངས་སུ་བསྐྱོད་ནས་ལྷོད་མེད་བརྩོན་པ་དྲག་པོས་མཛེས་རིས་སྣ་ཚོགས་དང་ཐང་ག་དང་ལྡེབས་རིས་འབྲི་བཞེངས་ཀྱི་ལས་ལའང་ཞུགས་མྱོང་།ལྷག་པར་ཉེར་སྤྱོད་འཚོ་བའི་ཡོ་བྱད་བཟོ་བསྐྲུན་སྐོར་ལ་རང་སྦྱོང་དང་ཉམས་མྱོང་མང་དུ་བསགས་ཏེ་སྦྱངས་པ་མཐར་ཕྱིན་པ་བྱས་པས།ཤིང་བཟོ་དང་དམིགས་བསལ་རྟ་སྒ་དང་མཛོ་སྒ་གཞོག་པ་ལ་མཁས་པར་གྱུར་ཏེ།གསེར་སྒ་ཉི་ཤུ་ལྷག་དང་ཐང་སྒ་སུམ་ཅུ་ལྷག་ཅིག་བཟོ་བསྐྲུན་བྱས་པ་དང་།ཤིང་གི་རྟ་སྒ་དང་དྲེལ་སྒ།དེ་བཞིན་མཛོ་སྒ་བཅས་བརྒྱ་ཕྲག་མང་པོ་བཞོགས་མྱོང་།ཤར་མི་ཉག་གི་འབྲོག་སྡེ་མང་པོར་ཁོའི་ལག་རྩལ་ལས་ཐོན་པའི་རྟ་སྒ་དང་མཛོ་སྒ་ལ་སྐད་གྲགས་ཡོད་ལ།ད་དུང་བཞོ་ཟེའུ།ཞོ་ཟེའུ།ཆུ་ཟོམ།འོ་ཟོམ།ཐུམ་བུ།ཇ་གཏུན།ཁངས་གཞབ་སོགས་བཟོ་བའི་ལག་རྩལ་ལ་བྱང་ཆུབ་པ་ཡོད།
རྗེས་སོར་མཁས་གྲུབ་ཀྱི་སྐྱེས་ཆེན་ཞང་རྒན་ཉན་ཤུལ་རྒྱལ་དབང་ཉི་མ་དང་ཉན་ཤུལ་མཁྱེན་རབ་འོད་གསལ་རྣམ་གཉིས་ཀྱི་དྲུང་ནས་བཀའ་སློབ་ཞལ་གསུང་མང་དུ་ཞུ་བའི་བསྐལ་བཟང་ཐོབ་པ་དང་།ཁྱད་པར་དུ་ཞང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་དང་མཁན་པོ་སྐུ་ནུབ་འོད་ཟེར།བསོད་ནམས་ཉི་མ་བཅས་ཀྱི་དྲུང་ནས་སུམ་རྟགས་དག་གསུམ་དང་སྨན་རྩྭ་ངོས་འཛིན་སོགས་ལ་སྦྱངས་པ་བྱས་པའི་བསྐལ་བ་བཟང་པོ་དུས་སུ་སྨིན་པ་དང་འཇིག་རྟེན་ལུགས་གཉིས་ཀྱི་ཐད་ལ་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་གདམས་ངག་མང་དུ་ཐོབ།གཏམ་པ་འཇུ་ཉི་མ་ནི་ལྷན་སྐྱེས་ཀྱི་ཤེས་རབ་རྣོ་ཞིང་ཁ་ལྕེ་བདེ་བ།སྨྲ་བ་དག་པ།འཚོ་བའི་ཉེར་མཁོའི་ལག་རྩལ་ལ་བྱང་ཆ་ཆེ་བ།ལྷག་ཏུ་གཏམ་དཔེ་སྣ་ཚོགས་དང་ཤར་མི་ཉག་གི་སྲོལ་རྒྱུན་གཏམ་གྱི་སྒྱུ་རྩལ་ལ་ནང་བྱན་ཆུབ་པས།དགོན་སྟོན་དང་ཁྲི་སྟོན།རྟ་རྒྱུག་རི་བསང་སོགས་སུ་ཕུན་སུམ་ཚོགས་པ་ལྔ་ལྡན་དང་མཎྜལ་འབུལ་བཤད།སྟོན་པ་སངས་རྒྱས་བྱོན་ཚུལ།བསྟན་པ་དམ་ཆོས་དར་ཚུལ།དེ་བཞིན་ཡུལ་ལྷ་གཞི་བདག་དང་དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས་ཀྱི་བསང་འབོད།གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཁོར་བཅས་པར་དགྲ་ལྷ་དཔུང་བསྟོད་སོགས་ཚིག་དོན་ཕུན་སུམ་ཚོགས་ཤིང་ཡིད་དབང་འགུག་པའི་གཏམ་སྣ་ཚོགས་བཤད་པས།ཁོའི་ཁ་ལྕེའི་གྲགས་པ་རང་སྡེ་ལས་བརྒལ་བར་མ་ཟད།སེར་ཤུལ་དང་།རྟའུ།བྲག་མགོ།དར་མདོ་དང་ཉག་ཆུ་སོགས་རྫོང་སྒོ་མང་པོར་གཉེན་སྟོན་སྟོང་ཕྲག་ལྷག་ལ་རྟེན་འབྲེལ་གཏམ་གྱི་ཕྲེང་བ་རྒྱུན་མ་ཆད་པར་སྤེལ་བས་གཏམ་པ་འཇུ་ཉི་མ་ཞེས་པའི་མིང་གི་སྙན་པ་དེ་མི་ཉག་ར་བ་སྒང་ཙམ་དུ་མ་ཟད་ཁམས་ཕྱོགས་ས་འཛིན་སྒེག་མོའི་ཞིང་ནའང་གྲགས་པ་རྒྱས་བཞིན་ཡོད།དེའང་ལོས་ཡིན་ཏེ།ཁོ་ནི་མི་རབས་བདུན་གྱི་རིང་ལ་སྲིད་པ་གཏམ་གྱི་འགྲོ་ལུགས་ཡས་གཏམ་ཆོས་ཀྱི་ལོ་རྒྱུས་མས་གཏམ་འཁོར་བའི་ཆགས་ཚུལ་བཤད་ཤེས་པའི་སྲིད་པ་གཏམ་གྱི་སྨྲ་སྒོ་ཡངས་པའི་གཏམ་པའི་ཁྱིམ་རྒྱུད་ཅིག་ནས་སྐྱེས་པས།ཆུང་བྱིས་པའི་དུས་ནས་གཉེན་སྟོན་གཏམ་གྱི་བཤད་པ་འདི་དག་གིས་བག་ཆགས་ཟབ་མོ་ཐེབས་ཤིང་།གཏམ་པ་ཐོག་མ་མཁའ་འགྲོ་ཚེ་རིང་དང་གཉིས་པ་རྒྱལ་ཁོ་ཚེ་རིང་།གསུམ་པ་རིག་འཛིན་ལྷ་དབང་།བཞི་པ་བསོད་ནམས་ཉི་མ།ལྔ་པ་འོད་གསལ་རྒྱ་མཚོ།དྲུག་པ་རྡོ་རྗེ་ཚེ་བརྟན་སོགས་གཏམ་པ་གྲགས་ཅན་མང་པོ་ཁོང་གི་ཁྱིམ་རྒྱུད་ནས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བྱུང་མྱོང་ཞིང་།གཏམ་པ་འདི་དག་ནི་ཤར་མི་ཉག་ཞིང་གི་རོང་འབྲོག་གི་སྡེ་ཆེན་སྡེ་ཆུང་མང་པོར་གཏམ་གྱི་བཤད་པ་རྒྱུན་བསྐྱངས་མྱོང་བའི་བློ་རྣམ་རིག་ཅན།མཚན་སྙན་གྲགས་ཅན་ཏག་ཏག་ཡིན་ལ།རྒན་རབས་པ་དེ་དག་གི་ཁྱིམ་རྒྱུད་དུ་སྐྱེས་པའི་སྐུ་དྲིན་དང་།རང་ཉིད་ཆུང་ནས་སྨྲ་བརྗོད་དག་ཅིང་།ཡིད་འཛིན་བཟང་བ་སོགས་ལྷན་སྐྱེས་ཤེས་རབ་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བས་རང་ལོ་བཅུ་ཡར་མར་ནས་ཆུང་བྱིས་པའི་རྩེ་ར་ནས་རྩེ་རོགས་ཚོ་དང་རྫི་བོའི་ས་ནས་རྫི་རོགས་ཚོ་དང་མཉམ་དུ་གཉེན་སྟོན་གཏམ་འདི་ལ་སྦྱངས་པ་དང་།ས་གནས་གང་ཞིག་ན་སྟོན་མོ་ཆེ་ཆུང་ཅི་འདྲ་ཡོད་པ་དེར་ཕྱིན་ནས་གཏམ་པ་རྒན་གྲས་ཚོས་གཏམ་ཇི་ལྟར་འཆད་བཞིན་འདུག་པ་དཔེར་བལྟས་ནས་གཏམ་ཁོག་མང་པོ་རང་སྦྱོང་བྱས་ནས་བློར་བླངས།ཁྱིམ་མི་གཏམ་པ་རྒན་གྲས་དག་གི་དྲུང་ནས་གཉེན་སྟོན་གཏམ་སོགས་གཏམ་གྱི་བཤད་པ་མང་པོ་ལ་སློབ་སྦྱོང་བྱས་པས་གཏམ་གྱི་ཤེས་བྱ་མང་པོ་ཞིག་རང་རྒྱུད་ལ་འབྱོར།རྒན་རབས་པ་ཚོས་ཀྱང་གཉེན་སྟོན་གཏམ་གྱི་བཤད་ལུགས།དབྱངས་འཐེན་ལུགས།སྐད་ཤུགས།ངག་འགུག་སྟངས།གཏམ་མགོ་བཙུགས་སྟངས་སོགས་གཏམ་གྱི་ཤེས་བྱ་མ་ལུས་པར་ལེགས་པར་བསླབས་པས་གཏམ་ཁོག་མང་པོ་ཁོང་དུ་ཆུད།སྤྱིར་སྲོལ་རྒྱུན་ལྟར་ན་མི་ཉག་གཏམ་གྱི་ཕ་ས་ནས་ཁྱིམ་རྒྱུད་སོ་སོའི་གཉེན་ཉེ་རིང་གི་ཁྲོད་ན་གཏམ་པ་རེ་མེད་ན།གཏམ་ཁ་སྒོ་ནས་ཟད་སྒྲོ་ལུང་རྩ་ནས་བཀོག་ཅེས་པ་ལྟར་ཁྱིམ་རྒྱུད་དེ་དག་ལ་མི་ཁ་ཆེན་པོ་ཞིག་ཡོད་ལ།ད་ལྟའི་དུས་ལྟར་གཏམ་པ་ཞིག་གང་ཞིག་ནས་གླ་ཡོང་བའི་སྲོལ་ཞིག་ཡུལ་ཁམས་ན་མ་དར་བ་ཞིག་ཡིན།ཀུན་སློང་དེ་འདྲ་ཞིག་གི་འོག་ནས་གཏམ་པ་འཇུ་ཉི་མས་ཁྱིམ་རྒྱུད་ཀྱི་གཏམ་པ་གོང་མ་ཚོའི་གཏམ་གྱི་བཤད་པ་འདི་ཡི་རྒྱུན་སྐྱོང་འདོད་ཀྱིས་གཏམ་བཤད་ཀྱི་ལས་ལ་ཞུགས་པ་རེད་འདུག།ལོ་ཉི་ཤུ་ཡར་མར་ནས་གཉེན་ཉེ་རིང་རྩ་གསུམ་གྱིས་བུ་ཕར་བསྐྱལ་བུ་མོ་ཚུར་བསུ་སོགས་གཉེན་སྟོན་མོ་གང་གི་སྐབས་སུ་ཡིན་ཡང་གཉེན་སྟོན་གཏམ་འདི་ཡི་བཤད་པ་ལ་ཞུགས་ཤིང་།སྟོན་མོ་ཆེ་འབྲིང་ཆུང་གསུམ་ལ་བལྟས་ནས་གཏམ་རྒྱས་འབྲིང་བསྡུས་གསུམ་གང་བཤད་དགོས་ནའང་ཐོགས་པ་མེད་པར་གྱུར།
སྤྱིར་ན་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་གཉེན་སྟོན་གཏམ་གྱི་བཤད་པ་འདི་ལ་བོད་ཆོལ་ཁ་གསུམ་ལ་གཏམ་བཤད་ལུགས་རྣམ་པ་གསུམ་ཡོད་ཅེས་རླུང་ལྟར་གྲགས་པ་དེ་ནི་དབུས་གཙང་ཆོས་ཀྱི་ཞིང་ན་རྣམ་ཐར་ལོ་རྒྱུས་ལྟར་བཤད་པའི་གཏམ་དང་།མདོ་སྨད་རྟ་ཡི་ཆོལ་ཁའི་བཤད་ལུགས་ལ་རྔ་ཐོག་ཏུ་སྲན་མ་གཏོར་བ་ལྟར་བཤད་པའི་གཏམ།ཤར་མི་ཉག་གི་གཏམ་གྱི་བཤད་ལུགས་ལ་མི་ཉག་མི་ཆེན་གྱི་ལུགས་ཞེས་ཚིག་ཁ་བཞི་རེའི་མཚམས་ན་ལགས་སོ་རེ་ཡོད་པའི་གཏམ་ལྟར་ཡུལ་ལུང་སོ་སོ་ལ་ཐུན་མིན་གྱི་ལུགས་སྲོལ་རེ་མཆིས་པས།གཏམ་པ་འཇུ་ཉི་མའི་གཏམ་ནི་མི་ཉག་མི་ཆེན་གྱི་བཤད་ལུགས་ཀྱི་ཁོངས་སུ་གཏོགས་པས་སྲིད་པ་ས་ལ་ཆགས་པ་ནས་ཤར་མི་ཉག་གི་ཞིང་འདི་རུ་གཏམ་གྱི་བཤད་པ་འདི་དར་ཡོད་པས།ངག་རྒྱུན་ལ་མི་ཉག་ཡུལ་དུ་གཏམ་བཤད་དཀའ་ཞེས་གྲགས་ཤིང་།ཤར་མི་ཉག་ཞིང་གི་མི་ནི་གཏམ་ལ་བྱང་ཆ་ཆེ་ཞིང་།གཏམ་སྣ་མང་པོ་ཤེས་ཤིང་སྨྲ་ལྕེ་བདེ་མོ་ཡོད་པས་ཁ་གྲགས་ཀྱང་དེ་ལྟར་སོང་བ་ལོས་ཡིན།ད་ལྟའི་དུས་འདིར་ཡུལ་ཁམས་འདི་འདྲ་ཞིག་ནས་ས་གནས་རང་གི་གཏམ་གྱི་འགྲོ་ལུགས་དང་གཏམ་ཁོག།གཏམ་གྱི་ཁ་གྲངས།གཏམ་གྱི་རྒྱུན་ཤེས་སོགས་གཏམ་དང་འབྲེལ་ཡོད་ཀྱི་ཤེས་བྱ་ཀུན་འཛོམས་ཀྱི་མི་ཞིག་འཚོལ་དགོས་ཚེ་གཏམ་པ་འཇུ་ཉི་མ་ལགས་ནི་མཛུབ་མོ་ནང་འགུག་གིས་བགྲང་ཆོག་པའི་གཏམ་པ་ཞིག་ཡིན་པ་ཀུན་གྱིས་ལྟ་བ་གཅིག་མཐུན་དུ་གླེང་བཞིན་ཡོད་ལ།ད་ལྟ་ཁོས་ཆོས་སྲིད་ལུགས་གཉིས་ཀྱི་གཏམ་སྣ་ཚོགས་པ་གང་ཞིག་བཤད་དགོས་རུང་ཐོགས་པ་མེད་ཅིང་།ཆོས་སྲིད་ལུགས་གཉིས་ཀྱི་གཏམ་རྒྱས་འབྲིང་བསྡུས་གསུམ་གྱི་གཏམ་སྣ་སུམ་བརྒྱ་ལྷག་ཅིག་ཁོའི་བློ་ན་ཡོད་ལ།ཉིན་མཚན་ཁ་སྦྲེལ་ནས་བཤད་དགོས་ནའང་ཉིན་མཚན་ལྔ་དྲུག་ལ་ཁ་ལྕེ་ལ་སྐོམ་པ་མེད་གཏམ་ཁོག་ལ་ཟད་རྒྱུ་མེད་པའི་གཏམ་གྱི་བང་མཛོད་ཆེན་མོ་ཞིག་ཡིན།
ད་ལྟ་ལོ་གཅིག་ལ་མ་མཐའ་ཡང་རྟའུ་གཙོ་བོར་བྱས་པའི་མི་ཉག་ཡུལ་གྱི་རྫོང་ཁག་མང་པོར་གཉེན་སྟོན་བརྒྱ་ལྷག་ཏུ་གཏམ་བཤད་པར་གདན་འདྲེན་ཞུས་དང་ཞུ་བཞིན་ཡོད།ཤར་མི་ཉག་ཡུལ་གྱི་གཏམ་པའི་ཁྲོད་ནས་གཏམ་བཤད་གྲངས་ཆེས་མང་ཤོས་དང་མཚན་སྙན་གྲགས་ཆེ་ཤོས་ཀྱང་ཁོ་ཡིན་ལ།ཁོའི་གཉེན་སྟོན་གཏམ་གྱི་བཤད་པ་རྐྱང་པ་ལ་མཚོན་ན།མགོ་ཚ་དང་བསུ་ཆང་།འབབ་གདན་ནམ་རྟ་བབས།གདན་བསྟོད།ཆང་བསྟོད་དར་བསྟོད།སུམ་ཚོ།གཉེན་གྱི་དར་བ་རྣམ་གསུམ་སོགས་རྣམ་གྲངས་གྱ་ནོམ་ཞིང་ཚིག་བརྗོད་ངོ་མཚར་བ་ཡོད་པར་མ་ཟད་ངག་རྟ་སོགས་ཐུན་མིན་གྱི་ཁྱད་ཆོས་ཆེར་ལྡན་ལ།རྒྱས་བསྡུས་སྣ་ཚོགས་པར་རང་དབང་འབྱོར་ཡོད་པས།སྤྱི་ལོ2023ལོར་དཀར་མཛེས་ཁུལ་རིམ་པའི་གཉེན་སྟོན་གཏམ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པའི་ཐོབ་ཐང་དང་དཔང་ཡིག་ཐོབ།དེ་བཞིན་ཁམས་པའི་བརྙན་འཕྲིན་ཁང་གི་བྱམས་པའི་ཁ་བརྡའི་ལེ་ཚན་གྱིས་ཆེད་དུ་ཁོང་ལ་བཅར་འདྲི་བྱས་པ་དང་།མི་ཉག་གཏམ་གྱི་ཕ་སའི་གཏམ་པ་ཁོང་གི་མདུན་དུ་ད་ལྟ་གཏམ་བཤད་སློབ་སྦྱོང་བྱེད་མཁན་ཡང་མི་ཉུང་བ་ཡོད་ཅིང་སྲོལ་རྒྱུན་གཏམ་གྱི་རིག་གནས་ལ་བྱས་རྗེས་ཆེ་ཙམ་བཞག་ཡོད།ད་ལྟ་ཁོའི་བློ་ངོར་ཡོད་པའི་གཏམ་ཐམས་ཅད་ཡི་གེར་ཕབ་ནས་མ་འོངས་ཕྱི་རབས་པར་འཇོག་འདུན་གྱི་ལྷག་བསམ་གྱིས་དཔེ་སྐྲུན་འཆར་གཞིའང་བྱེད་བཞིན་འདུག།
ཁོས་ང་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གཉེན་སྟོན་གཏམ་གྱི་བརྒྱུད་འཛིན་པའི་མི་སྣར་བདམས་ཐོན་བྱུང་ནས་ལག་ཁྱེར་ཡང་སྤྲད་ཡོད་པ་རེད།གོང་རིམ་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་དག་ལ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཐད་ཐུགས་ཁུར་ཆེར་བཞེས་ཀྱིས་མཛད་པ་སྐྱོང་བཞིན་པའི་སྐབས་སུ་ངས་ཀྱང་རང་གི་ཤེས་ཚོད་ཀྱིས་གཉེན་སྟོན་གཏམ་གྱི་བཤད་པ་འདི་དག་གཞོན་ནུ་སྦྱང་འདུན་ཅན་ཚོར་མཛུབ་མོ་རི་སྟོན་བྱས་དང་བྱེད་བཞིན་ཡོད་པས་མ་འོངས་པ་ཡང་འདིའི་ཐད་ལ་མོས་པ་ཅན་ཡོད་ན་ངས་ཀྱང་སློབ་མ་དང་བརྒྱུད་འཛིན་པ་གསོ་སྐྱོང་བྱ་འདོད་ཡོད་ཅེས་བཤད།
ཁོས་གསར་འགོད་པར་བཤད་རྒྱུར།རྒྱ་གར་ཡུལ་ནས་ཆོས་བཤད་དཀའ།རྒྱ་ནག་ཡུལ་ནས་ཁྲིམས་བཤད་དཀའ།གླིང་གི་ཡུལ་ནས་རྟ་རྒྱུག་དཀའ།ཧོར་གི་ཡུལ་ནས་མདའ་འཕེན་དཀའ།མི་ཉག་ཡུལ་ནས་གཏམ་བཤད་དཀའ་ཞེས་གྲགས་པ་ལྟར་ཤར་མི་ཉག་གཏམ་གྱི་ཕ་ས་ཡིན་པས།མི་ཉག་གི་གཏམ་ལ་ཁྱད་ཆོས་དང་རིན་ཐང་ཆེན་པོ་ཡོད་ལ།ལོ་ངོ་ཁྲི་སྟོང་ལ་ངག་ནས་ངག་ཏུ་བརྒྱུད་ཡོང་བའི་སྲོལ་རྒྱུན་རིག་གནས་འདི་ལྟ་བུ་ལས་ང་ཚོའི་མི་རིགས་ཀྱི་ཡབ་མེས་དག་གི་དཔའ་མཛངས་དང་ཤེས་རབ།སྙིང་སྟོབས།ལུགས་གཉིས་ཀྱི་སྤང་བླང་།རིན་ཐང་དང་མཛེས་དཔྱོད་ཀྱི་ལྟ་བ་སོགས་མཐོང་དུ་ཡོད་པས་རིན་ཐང་ཆེན་པོ་ལྡན་པས།འདི་ཉིད་རྒྱུན་འཛིན་དར་སྤེལ་ནི་ཤིན་ཏུ་འགངས་ཆེ།ང་རང་དུས་རྒྱུན་སྟོན་མོ་གང་ཞིག་ཏུ་སོང་ནའང་དེར་འདུས་ཀྱི་གཞོན་སྐྱེས་གཏམ་པ་དང་ཚ་ཞང་ཀུན་ལ་གཏམ་གྱི་འགྲོ་ལུགས་ཕྱོགས་གསུམ་ཅི་ལྟར་ཡིན་པ་དང་།གཏམ་གྱི་རྒྱུ་རྐྱེན་རྟེན་འབྲེལ་གང་འདྲ་ཡིན་པ་སོགས་གཏམ་གྱི་ཤེས་བྱ་གང་དྲན་ཅི་ཤེས་དག་གཏམ་སྦྱང་མོས་ཅན་ཚོར་ངོ་སྤྲོད་བྱེད་བཞིན་ཡོད་ལ།མི་ཉག་གཏམ་གྱི་ཕ་ས་ནས་སྲོལ་རྒྱུན་སྲིད་པ་གཉེན་གྱི་འགྲོ་ལུགས་ནི་བཤད་པ་གཏམ་གྱིས་གཙོ་བོར་བཟུང་དགོས་ཚུལ་སོགས་ཡིན་པ་ངོ་སྤྲོད་བྱེད་བཞིན་ཡོད་ལ།དུས་རབས་གསར་རྙིང་གཉིས་གདོང་ཐུག་པའི་དུས་མཚམས་ཁྱད་པར་བ་འདི་འདྲ་ཞིག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་གཏམ་དང་ཁེད།གཞས།གནའ་རབས་སོགས་ཉམས་ཆགས་སུ་འགྲོ་བཞིན་ཡོད་པས་འདི་ཚོ་མྱུར་སྐྱོབ་དང་རྒྱུན་འཛིན་སོགས་ཀྱི་ཐད་ལ་གོང་རིམ་ནས་ཀྱང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།ངས་ཀྱང་བོད་མི་དམངས་ཀྱི་སྲོལ་རྒྱུན་གཏམ་གྱི་རིག་གནས་འདི་དག་མི་ཉམས་པར་ཕན་ཅུང་ཙམ་རེ་ཐོགས་ཐུབ་ན་ངའི་བློ་ཁ་ཡང་དེ་འདྲ་ཞིག་གིས་ཚིམ་བཞིན་ཡོད་ཅེས་བཤད་བྱུང་།ངས་ཀྱང་འདི་ནས་གཏམ་པ་རྒན་རབས་པ་ཁོང་གི་སྐུ་ལུས་འབྱུང་བཞི་ལ་མི་འདོད་ནད་ཀྱིས་འཚེ་བ་མེད་ཅིང་།ཚེ་ཡི་དར་ཐག་རིང་དུ་བསྲིངས་ནས་གཏམ་གྱི་བློ་གྲོས་ཉམས་པ་མེད་པར་ཕྱི་རབས་བསྐལ་བ་དང་ལྡན་པའི་སྨྲ་ལྕེ་ཅན་གང་མང་གསོ་སྐྱོང་བྱས་ཤིང་མི་ཉག་གཏམ་གྱི་ཕ་ས་ནས་གཏམ་གྱི་དམུ་ཐག་རིང་མོ་བསྐལ་བའི་མཐའ་ལ་བསྲིང་ཐུབ་པའི་བཀྲ་ཤིས་སྨོན་འདུན་ལན་བརྒྱར་ཞུས་པ་ཡིན།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10