མོ་བཟང་པོའི་སེམས་པ་གསེར་དང་འདྲ། གསེར་སེར་པོའི་མདོག་ལ་འགྱུར་བ་མེད།

        2025-03-25

ཀྲུང་གོ་མི་བཟང་པོའི་འོས་མིར་བདམས་པའི་སྐག་ཐར་མཚོའི་གནས་ཚུལ་རགས་བཀོད།

   མོས་ལོ་ངོ་བཅུ་བཞིའི་རིང་ལ་ཉིན་གཅིག་ལྟར། ལས་ནུས་ཤོར་བའི་ཁྱོ་ག་དང་ལོ་ན་རྒས་པའི་དྲིན་ཆེན་མ། ལོ་ན་མ་སོན་པའི་ཕྲུ་གུ་གཉིས་བཅས་ལ་འཁང་ར་དང་འགྱོད་སེམས་སྤུ་ཙམ་མེད་པར་ལྟ་སྐྱོང་དང་གསོ་སྐྱོང་བྱས་ཏེ། ཁྱིམ་ཚང་གཅིག་གི་དོན་དག་ཡོད་ཚད་རང་གི་ཕྲག་ཐོག་ཏུ་བླངས་ནས་རྒན་གཞོན་ཚང་མར་སྤུས་ཚད་ལྡན་པའི་འཚོ་བ་རོལ་དུ་བཅུག། མོ་ནི་བྲག་མགོ་རྫོང་ཤིས་མདོ་གྲོང་རྡལ་ཚར་བ་གྲོང་སྡེའི་གྲོང་མི་སྐག་ཐར་མཚོ་རེད། ཉེ་ཆར། མོ་རང2025ལོའི་དུས་ཚིགས་དང་པོའི“ཀྲུང་གོ་མི་བཟང་པོའི་མིང་ཐོ”སི་ཁྲོན་ཞིང་ཆེན་གྱི་འོས་མི་མིང་ཐོའི་ནང་བདམས་པ་རེད།


མོ་བཟང་པོའི་སེམས་པ་གསེར་དང་འདྲ།  གསེར་སེར་པོའི་མདོག་ལ་འགྱུར་བ་མེད།
སྐག་ཐར་མཚོའི་ཁྱིམ་མི་མཉམ་སྒྲོན།


   སྐག་ཐར་མཚོ་ནི1986ལོའི་ཟླ་བ6པར་སྐྱེས། བྲག་མགོ་རྫོང་ཤིས་མདོ་གྲོང་རྡལ་ཚར་བ་གྲོང་སྡེའི་གྲོང་མི་ཡིན། དེ་སྔོན་དོན་རྐྱེན་ཞིག་བྱུང་ནས་ཁྱོ་ག་ཚེ་རིང་བསམ་གྲུབ་ཀྱི་ལས་ནུས་ཤོར་བ་དང་། དེའི་ཁར་མེད་ཐོག་མུག་བསྣན་ནས་མ་རྒན་མོ་ལ་ཡང་གྲིབ་ཕོག་ནས་གཞོགས་ཕྱེད་ཞ་བ་རེད། ཁྱིམ་ལ་ད་དུང་ཕྲུ་གུ་ཆུང་ཆུང་གཉིས་ཡོད་པས་འཚོ་བའི་འགན་འཁྲི་ཡོད་ཚད་མོ་གཅིག་པུའི་ཕྲག་ལ་ལྷུང་། ལོ་བཅུ་ལྷག་རིང་མོས་ཐབས་ཤེས་གང་དྲག་སྤྱད་ནས་ཁྱོ་ག་ཁྲིད་དེ་ཕྱོགས་གང་སར་སྨན་བཅོས་བྱས་པར་སོང་། མོའི་བདག་སྐྱོང་ཞིབ་ཚགས་འོག་ཁྱོ་གར་ནད་རིགས་གཞན་གང་ཡང་བྱུང་མྱོང་མེད། མོས་དཀའ་ངལ་ལ་མི་འཛེམས་པའི་བརྩོན་འགྲུས་འོག་ཁྱིམ་མི་བདག་སྐྱོང་ཡག་པོ་བྱས་ཐུབ་པར་མ་ཟད་དེ་མིན་ཁྱིམ་ལས་ཡོད་ཚད་ཀྱང་ལེགས་གྲུབ་བྱུང་། མོའི་རྒན་བཀུར་གཞོན་གཅེས་དང་ཁྱིམ་ཚང་ལ་ལྷག་བསམ་དུང་ལྟར་དཀར་བའི་སྤྱོད་པ་བཟང་པོ་རིམ་བཞིན་གང་སར་ཁྱབ་སྟེ། ཁོ་ཚང་ལ“རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང”གཟི་བརྗིད་སྙན་མཚན་ཐོབ་པ་དང་། མོ་ལ་སི་ཁྲོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་དང“སི་ཁྲོན་གྱི་མི་བཟང་པོ”སོགས་ཀྱི་མཚན་སྙན་ཡང་ཐོབ་ཡོད། བྱམས་སྐྱོང་ལས་ཐོན་པའི་ཁྱོ་གའི་འཛུམ་ཞལ།    ཉེ་ཆར་གསར་འགོད་པ་སྐག་ཐར་མཚོའི་ཁྱིམ་ལ་བཅར་འདྲིར་སོང་བ་ཡིན། བོད་ཁང་ཐོག་དམའ་ཞིག་གི་ནང་དུ་བོད་རིགས་བུད་མེད་བབ་ཆགས་ཤིག་གིས་གཟབ་ནན་ངང་ལག་ཕྱིས་དྲོན་མོས་ཁྱོ་གའི་ལུས་པོ་ཕྱི་བཞིན་འདུག། མོའི་དལ་ཞིང་ལྷོད་པའི་སྟངས་སྟབས་ལས་སེམས་ཁུར་དང་བརྩེ་བ་ཟབ་མོ་མངོན་ཡོད་པ་ཤེས་ཐུབ། ཁྱོ་གའི་ལུས་པོ་ཕྱིས་ཚར་རྗེས་མོས་བྱང་ཆ་ལྡན་པའི་སྒོ་ནས་རྐང་ལག་འཕུར་མཉེད་བྱེད་ཞོར་ངག་འཇམ་པོའི་ངང་སེམས་གསོ་དང་སྐུལ་མ་བཏང་བ་རེད།    ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོའི་ཟླ་བ6པའི་ཚེས21ཉིན། སྐག་ཐར་མཚོ་བཟའ་ཟླ་གཉིས་དུས་རྒྱུན་ལྟར་ཕྱི་ལ་ཤིང་ལས་ལས་སར་འགྲོ་དུས། སྟབས་མ་ལེགས་པ་ཁང་ཐོག་ནས་གདུང་མ་ཞིག་ལྷུང་སྟེ་ཁྱོ་ག་ཚེ་རིང་བསམ་གྲུབ་ཀྱི་སྐེ་ལ་ཕོག་སྟེ། སྒལ་ཚིགས་ལ་གནོད་སྐྱོན་ཕོག་ནས་རྐང་གཉིས་ཞ་ནས་རང་སྐྱོང་ནུས་པ་ཤོར་སོང་། འཚོ་བར་རེ་སྙེག་གི་ཁེངས་པའི་ཁམས་པའི་ཕོ་རྒོད་ཅིག་དུས་དེ་ནས་བཟུང་ཡར་ལངས་མི་ཐུབ་པ་དང་དབང་པོ་སྐྱོན་ཅན་རིམ་པ་དང་པོའི་མི་ཞིག་ལ་གྱུར། ཉིན་དེ་ནས་བཟུང་སྐག་ཐར་མཚོའི་ཁྱིམ་ཚང་གི་འཚོ་བ་དཀའ་ངལ་གྱི་གནས་སུ་ལྷུང་། ཕྲུ་གུ་ཆུང་ཆུང་གཉིས་ལའང་གསོ་སྐྱོང་ཇི་ལྟར་བྱ་དགོས་པ་བཞིན་ཁྱོ་ག་ལ་ཡང་དེ་འདྲ་ལྟ་སྐྱོང་བྱ་དགོས། ཁྱིམ་གྱི་ཕྱི་ནང་གི་བྱ་བ་ཆེ་ཕྲ་མཐའ་དག་ཡང་འགོར་འགྱངས་སུ་གཏང་རྒྱུ་མེད། འཚོ་བའི་ཁུར་པོ་རི་ཆེན་ཞིག་དང་འདྲ་བར་མོའི་མགོ་ཐོག་མནན་ན་ཡང་། མོའི་སེམས་གཏིང་གི་ལས་དབང་ལ་དཔའ་མི་ཞུམ་པའི་སྙིང་སྟོབས་ཉམས་མེད་ལ་བྱམས་སྙིང་རྗེའི་རང་མདངས་ཡལ་མེད་ཅིང་། མགོ་བོར་གཟེངས་སུ་བཏེགས་ཏེ་དཀའ་ངལ་ལ་གདོང་གཏད་འགོ་བརྩམས།

མོའི་རིག་གནས་ཆུ་ཚད་དམའ་ན་ཡང་ཁོམ་སྐབས་དམ་དུ་བཟུང་ནས་སློབ་སྦྱོང་ལ་འབད་པ་ཧུར་སྐྱེད་བྱས། ཁྱོ་ག་ལ་སྔར་བས་བདག་སྐྱོང་ཡག་པོ་བྱེད་ཐུབ་ཆེད་མོ་སྨན་ཁང་དུ་སྨན་པར་བློ་འདྲི་བྱེད་སར་ཐེངས་མང་ཕྱིན་ནས་ནད་གཡོག་ཤེས་བྱ་ནན་ཏན་གྱིས་སྦྱངས་པར་བརྒྱུད། ཡུན་རིང་ཉལ་བའི་ནད་པའི་གཞི་རྩའི་ནད་གཡོག་བྱེད་སྟངས་རིམ་བཞིན་ཤེས། ཡུན་རིང་པོར་ཉལ་བའི་ནད་པར་དཔྱི་རྨ་ཕོག་སླ་བས་མོས་དུས་ལྟར་ཁྱོ་གའི་ལུས་པོ་ཚུར་སློག་ཕར་སློག་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་པར་བརྟེན། མལ་ཐོག་ལུས་པའི་ཁྱོ་གར་ལོ་བཅུ་ལྷག་རིང་ལ་དཔྱི་རྨ་བྱུང་མྱོང་མེད་པ་རེད། ད་དུང་ཁྱོ་གས་གཅིན་སྐྱག་གཏོང་ཐེངས་རེའི་རྗེས་སུ་དུས་ཐོག་ཏུ་གཙང་བཀྲུ་བྱེད་བཞིན་ཡོད། སྨན་པའི་མཛུབ་ཁྲིད་འོག་སྐག་ཐར་མཚོས་རིམ་བཞིན་སྨན་སྦྱོར་དང་ཁབ་རྒྱག་སྟངས། ཆེད་ལས་འཕུར་མཉེད་བྱེད་སྟངས་སོགས་ལ་བྱང་ཆུབ་ནས་རང་གི་ཁྱོ་གའི་ཆེད་ལས་སྨན་པ་ཡག་པོ་ཞིག་ཏུ་གྱུར། ཚེ་རིང་བསམ་གྲུབ་ཀྱི་གཙོ་བཅོས་སྨན་པས་ལོ་འདི་འདྲ་མང་པོའི་རིང་མོའི་ལྟ་སྐྱོང་བཟང་པོའི་འོག་ཁྱོ་གའི་རྐང་ལག་ཅུང་ཙམ་ཡང་འཁུམ་མེད་པ་དང་བླ་གཉན་གྱི་ནད་གཞི་གང་ཡང་བྱུང་མེད་པ་དེ་ནི་ཧ་ཅང་དཀའ་བ་ཞིག་རེད་ཅེས་ཧ་ལས་ནས་གསར་འགོད་པར་དེ་ལྟར་བཤད། བསམ་ཡུལ་ལས་འདས་པ་ཞིག་ནི་མ་རྩ་ལས་དབང་གི་དཀའ་སྡུག་མྱོང་བཞིན་པའི་ཁྱིམ་ཚང་འདིར་མོའི་ཨ་མར་གློ་བུར་དུ་གྲིབ་ཕོག་ནས་གཞོགས་ཕྱེད་ཞ་བ་དང་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་མི་བྱེད་ཐབས་མེད་བྱུང་། ཕྱོགས་གཅིག་ནི་ཨ་མ་གཡོག་དགོས་པ་དང་ཕྱོགས་གཞན་ཞིག་ལ་ཁྱོ་ག་དང་ཕྲུ་གུ་གཡོག་དགོས་པས་སྐག་ཐར་མཚོ་སྨན་ཁང་དང་རང་ཁྱིམ་བར་ཕར་འགྲོ་ཚུར་འོང་བྱས་ནས་ངལ་གསོའི་དུས་ཤིག་ཧ་ལམ་མེད་པར་གྱུར། དགའ་འོས་པ་ཞིག་ནི་མོའི་ཨ་མ་རིམ་བཞིན་གྲིབ་ནད་ལས་ཐར་ནས་འཚོ་བ་ཕལ་ཆེར་རང་སྐྱོང་ཐུབ་པ་བྱུང་། སྐག་ཐར་མཚོས་ལོ་བཅུ་ལྷག་རིང་ཡོད་ཚད་ཁྱིམ་ཚང་ལ་བློས་བཏང་བ་དང་ཁྱིམ་མི་ལ་ཞབས་འདེགས་སྲིད་ན་དཀོན་པ་ཞུ་བའི་སྤྱོད་བཟང་དེར་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཐོབ་སྟེ་སྔ་རྗེས་སུ“དཀར་མཛེས་ཁུལ་གྱི་མི་བཟང་པོ”དང་སི་ཁྲོན་གྱི་ཀུན་སྤྱོད་དཔེ་བཟང་ལ་བདམས་པ་དང་། ཁུལ་དང་རྫོང་། ཡུལ་ཤོག་དང་གྲོང་རྡལ་ཏང་ཨུ། སྲིད་གཞུང་བཅས་ཀྱི་ལྟ་རྟོག་དང་རྒྱབ་སྐྱོར་སྲིད་ཇུས་བཟང་པོ་ཡང་ལོངས་སུ་སྤྱད་རྒྱུ་རག་ཡོད། དེ་ཡང་རྒྱལ་སྲས་ཞི་བ་ལྷས། ཞུམ་བཅས་རྩོལ་བ་དོར་བ་ལ།། ཕོངས་ལས་ཐར་བ་ཡོད་དམ་ཅི།། ཞེས་གསུངས་པ་ལྟར་ལོ་ངོ་མང་པོའི་རིང་ལ་སྐག་ཐར་མཚོ་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡང་ནམ་ཡང་རྩོལ་བ་མི་དོར་ནས་རང་གི་ལག་ཟུང་ལ་བརྟེན་ནས་ཁྱིམ་ཚང་དེར་མི་ནུབ་པའི་རྒྱལ་མཚན་ཞིག་བསྒྲེངས་ཡོད་ལ། ས་སྟེང་ན་ཆེས་དཀོན་པའི་བྱམས་བརྩེའི་མར་མེ་རྐང་གཅིག་དུས་ནམ་ཡང་མོའི་སེམས་ཁོང་ན་འབར་བཞིན་ཡོད་པར་བརྟེན། ཁྱིམ་ཚང་འདི་ལས་དང་སྡུག་བསྔལ་གྱི་དབང་གིས་ཁ་ཐོར་དུ་སོང་མེད་ཅིང་། མྱ་ངན་གྱི་ཁྲོད་དུ་གསོན་ཤུགས་ཉམས་མེད་ལ། དཀའ་སྡུག་གི་ཁྲོད་དུ་གངས་ཅན་མཐོ་སྒང་གི་རིགས་བཟང་བུད་མེད་ཀྱི་རང་གཤིས་དེ་བས་ཀྱང་འདོར་མེད་དོ།།


ཡེ་ཤེས་ཀྱིས་བསྡུས་ནས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སྤྱོད་གཙང་གི་རྒྱུད་དང་འགྲོགས་པའི་མཐུན་སྒྲིལ་གྱི་མེ་ཏོག་རྐང་གཅིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།