2025ལོར་རང་ཁུལ་གྱིས་ཁྲོམ་རའི་ལྟ་དམ་ལས་དོན་འདི་འདྲ་སྤེལ་རྒྱུ་རེད།

        2025-03-21

2025ལོར་རང་ཁུལ་གྱིས་དམིགས་འབེན་དགུ་ལ་དམིགས་ནས་ཁྲོམ་རའི་ལྟ་དམ་ལས་དོན་འདི་འདྲ་སྤེལ་རྒྱུ་རེད།      སྤྱི་ཟླ2པའི་ཚེས26ཉིན། ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་དམ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས། ཚོགས་འདུར2024ལོའི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་དང་ཆབས་ཅིག2025ལོའི་ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་དམ་ལས་དོན་ལ་ཕྱོགས་དགུའི་ཐད་ནས་གནད་ལ་འཁེལ་བའི་དམིགས་འབེན་གཏན་འཁེལ་བྱས། དམིགས་འབེན་དང་པོ། “ཐོན་རྫས་གསུམ་དང་དམིགས་བསལ་གཅིག”གི་ཉེན་མེད་མཐིལ་ཚད་ནན་སྲུང་བྱ་རྒྱུ།      བཟའ་བཅའ་དང་སྨན་རྫས། གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་དང་དམིགས་བསལ་སྒྲིག་ཆས་ཉེན་མེད་ཡོང་བ་ནི་ཁྲོམ་རའི་ལྟ་དམ་ལས་དོན་གྱི་གཡུལ་ས་གཙོ་བོ་ཡིན་པ་དང2025ལོ་ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་དམ་ལས་དོན་ཁྲོད་དཀར་མཛེས་ཁུལ་གྱིས“ཐོན་རྫས་གསུམ་དང་དམིགས་བསལ་གཅིག”གི་ཉེན་མེད་མཐིལ་ཚད་ནན་སྲུང་བྱ་རྒྱུ་རེད།      གསར་འགོད་པས་ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་རང་ཁུལ་གྱིས་ཁག་དང་རིམ་དབྱེ་ནས་གནད་ལ་འཁེལ་བའི་འགོག་ཟོན་ལ་མུ་མཐུད་དུ་སྐུལ་འདེད་གཏང་བ་དང་། སློབ་གྲྭའི་ཟས་རིགས་ཉེན་མེད་ཆེད་དོན་བཅོས་སྐྱོང་བྱེད་པ།  ཟས་རིགས་ཐོན་སྐྱེད་དང་འགྲོ་རྒྱུག། བཟའ་བཏུང་ལྟ་དམ་བཅས་དམ་འཛིན་ནན་པོ་བྱེད་པ།  ཟོག་ཤ་རྫུན་བཟོ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། ཞིང་འབྲོག་ཁུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་མངོན་མེད་ཉེན་ཁ་སྔོན་འགོག་ནན་པོ་བྱེད་པ། ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ལག་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཤུགས་ཡོད་རྒུས་མང་ཚོགས་ཀྱི“ཁ་ཟས་ཉེན་མེད”སྲུང་སྐྱོང་བྱ་རྒྱུ་རེད།     བཟའ་བཅའ་ཉེན་མེད་ཡོང་བར་འགན་ལེན་བྱེད་པའི་དུས་མཚུངས་སུ་རང་ཁུལ་གྱིས་སྨན་རྫས་ཉེན་མེད་ལ་དམིགས་ནས་སྨན་རྫས་གཉེར་སྐྱོང་ཆོག་འཐུས་ཕྱིར་འཐེན་ནན་པོ་བྱེད་པ་དང་། གཙོ་གནད་རིགས་དང་ཉེན་ཆེའི་སྨན་ཆས་ཉེན་མེད་བཅོས་སྐྱོང་གཏིང་ཟབ་ཏུ་གཏང་བ། ལག་ཁྱེར་མེད་པའི་གཉེར་སྐྱོང་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་རྒྱ་བོད་སྨན་རྫས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་ནས་མང་ཚོགས་ཀྱི་སྨན་རྫས་ཉེན་མེད་ལ་སྲུང་སྐྱོབ་བྱ་རྒྱུ་རེད།     གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཐད་ཁྲོམ་རའི་ལྟ་དམ་སྡེ་ཚན་གྱིས་བཟོ་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་སྡེ་ཚན་ལ་གནས་ཚུལ་གནད་ལ་འཁེལ་བའི་སྒོ་ནས་རྩད་གཅོད་བྱས་ཏེ། འཛུགས་སྐྲུན་དྲོད་འཛིན་རྒྱུ་ཆ་དང་འབར་རླངས་ཡོ་བྱད། གློག་བསྐོར་ལྕགས་རྟ་སོགས་གཙོ་གནད་ཐོན་རྫས་ལ་དོ་སྣང་དམ་ཟབ་བྱས་ཏེ་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ། བྱིས་པ་དང་སློབ་མའི་མཁོ་ཆས་ཉེན་མེད་སྲུང་སྐྱོང་བྱ་འགུལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བགྲེས་པོ་དང་འཚམ་པའི་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ལྟ་དམ་དམ་འཛིན་བྱ་རྒྱུ་རེད།     དམིགས་བསལ་སྒྲིག་ཆས་ཉེན་མེད་ལ་དམིགས་ནས། རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ། འགན་འཁྲི་དོན་ལ་འཁྱོལ་ཤུགས་ཆེ་རུ་གཏང་བ་དང་ཁྲོམ་རའི་ལྟ་དམ་ཁྱབ་ཁོངས་ཀྱི་ཉེན་མེད་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏང་བ། དམིགས་བསལ་སྒྲིག་ཆས་ལ་ཡུལ་དངོས་ནསAPPཞིབ་བཤེར་བྱེད་ཐབས་སྤྱོད་པ། ཡུལ་སྐོར་དང་འབྲེལ་བ་ཡོད་པ་དང་འཛུགས་སྐྲུན་ལས་གཞི་གལ་ཆེན། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱེད་པ། གློག་སྐས་ཉེན་མེད་ཀྱི་རྨང་འཛུགས་བྱ་སྤྱོད་སྤེལ་བ། ལས་གཞི་གལ་ཆེན་གྱི་དམིགས་བསལ་སྒྲིག་ཆས་དོ་དམ་ཚད་ལྡན་དུ་གཏང་བ་བཅས་བྱས་ནས་དམིགས་བསལ་སྒྲིག་ཆས་ཉེན་མེད་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱ་རྒྱུ་རེད། དམིགས་འབེན་གཉིས་པ། ལས་གཉེར་བྱེད་པོའི་འཕེལ་རྒྱས་སྒུལ་ཤུགས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ།      ལས་གཉེར་བྱེད་པོ་ནི་ཁྲོམ་རའི་གསོན་ཤུགས་ཀྱི་འབྱུང་ཁུངས་ཡིན། མིག་སྔའི་ཁྲོམ་རའི་ཁོར་ཡུག་འོག། ལས་གཉེར་བྱེད་པོའི་འཕེལ་རྒྱས་སྒུལ་ཤུགས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་ནི་རང་ཁུལ་ཁྲོམ་རའི་ལྟ་དམ་ལས་དོན་གྱི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།      ཇི་ལྟར་བྱས་ནས་གསོ་སྐྱོང་དང་སྟོབས་ཆེར་གཏང་དགོས། གསར་འགོད་པས་ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་ཆོག་འཐུས་དང་ཕྱིར་འཐེན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏང་བ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་གཉེར་བཅའ་ཁྲིམས》གསར་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་ནས་ཁེ་ལས་གཉེར་སྐྱོང་དང་བསྒྱུར་བརྗེ། ཐོ་གསུབ། གནས་སྤོ་བཅས་ཀྱི“དོན་དག་གཅིག”གི་སྒྱུར་བཅོས་གྲུབ་འབྲས་རྒྱ་བསྐྱེད་བཏང་སྟེ། “སྒེར་ཚོང་ཁེ་ལས་ལ་བསྒྱུར་བའི་དོན་དག་གཅིག”ལག་ལེན་མགྱོགས་པོར་བསྟར་ནས་ལས་གཉེར་བྱེད་པོར་སྟབས་བདེ་དང་ནུས་ཆེའི་ཁྲོམ་རའི་ཆོག་འཐུས་དང་ཕྱིར་འཐེན་གྱི་ཁོར་ཡུག་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག་ལྟ་དམ་གྱི་ཕན་ནུས་དང་ཡིད་རྟོན་འཛུགས་སྐྱོང་ཡག་པོ་བྱས་ཏེ་ལས་གཉེར་བྱེད་པོའི་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་དང་ཡིད་རྟོན་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་།《དྲང་གཞག་འགྲན་རྩོད་ཞིབ་བཤེར་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་སྲུང་སྐྱོང་དང་ལས་གཉེར་བྱེད་པོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་རེད།  དམིགས་འབེན་གསུམ་པ། ཁྲོམ་རའི་སྒྲིག་ལམ་གྱི་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ།      ཁྲོམ་རའི་སྒྲིག་ལམ་ནི་ཁྲོམ་རའི་དཔལ་འབྱོར་འཁོར་སྐྱོད་ཀྱི་རྨང་རྡོ་ཡིན་པ་དང་ཁྲོམ་རའི་སྒྲིག་ལམ་གྱི་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཁྲོམ་རའི་ལྟ་དམ་ལས་དོན་གྱི་འགན་འཁྲི་ཡིན། དེར་བརྟེན2025ལོར་དཀར་མཛེས་ཁུལ་གྱིས་ཁྲོམ་རའི་རིན་གོང་ཚད་ལྡན་དུ་གཏང་བ་དང་དྲྭ་རྒྱའི་ཉོ་ཚོང་དང་བརྡ་ཁྱབ་ལྟ་དམ་བྱེད་ཤུགས་ཆེ་རུ་གཏང་བ་ནས་འགོ་བཙུགས་ཏེ་ཁེ་དབང་འགན་སྲུང་གི་རྩིག་རགས་བརྟན་པོར་བསྐྲུན་རྒྱུ་རེད།     ཁྲོམ་རའི་རིན་གོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་ཐད་ལས་རིགས་ཀྱི་སྒྲིག་འགལ་གྲོན་དངུལ་བསྡུ་བར་དམིགས་ནས་སྡེ་ཚན་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་སྤེལ་ནས་དུར་སྦེད་ཁྱབ་ཁོངས་དང་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སློབ་གསོ་དང་སྨན་རྫས། ཡུལ་སྐོར་སོགས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གང་བྱུང་གཏན་ལ་ཕབ་པའི་རིན་གོང་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏང་རྒྱུ་རེད། དེ་དང་ཆབས་ཅིག་ཁ་གསལ་མིན་པའི་རིན་གོང་བརྩི་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ནས་འཛད་སྤྱོད་པའི་བློ་སེམས་བདེ་རུ་གཏང་རྒྱུ་རེད།       དྲྭ་རྒྱའི་ཉོ་ཚོང་དང་འགྲེམ་བརྡ་ལྟ་དམ་ཐད་དྲྭ་ཐོག་དང་དྲྭ་འོག་གཅིག་ཅན་གྱི་མཐུན་སྦྱོར་ལྟ་དམ་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས“2025ལོའི་དྲྭ་རྒྱའི་ཁྲོམ་རའི་ལྟ་དམ་འཕེལ་རྒྱས་ལ་སྐུལ་འདེད་དང་བདེ་འཇགས་འགན་ལེན་གྱི་ཆེད་དོན་བྱ་སྤྱོད”དེ་འཇུ་རྟེན་དུ་བྱས་ནས་དྲྭ་ཐོག་གི་ཚོང་རྫས་སྤུས་ཚད་མཐོ་རུ་གཏང་རྒྱུར་ཤུགས་སྣོན་པ་དང་འབྲེལ་བརྡ་ཁྱབ་ལྟ་དམ་ནན་འཛིན་བྱས་ནས་དྲྭ་རྒྱའི་ཉོ་ཚོང་དང་བརྡ་ཁྱབ་ཁྲོམ་རའི་ཁོར་ཡུག་གཙང་འགྱུར་བྱ་རྒྱུ་རེད། དམིགས་འབེན་བཞི་པ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་ངོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་རྒྱུ།      འཛད་སྤྱོད་པར་སྔར་བས་སྤུས་ལེགས་དང་བློ་བདེ་བའི་འཛད་སྤྱོད་ཀྱི་ཁོར་ཡུག་བསྐྲུན་ཆེད། 2025ལོར་ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་དམ་ལས་དོན་གྱིས་ད་དུང་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་ངོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་རྒྱུ་རེད།      ཕྱོགས་གཅིག་ནས་བློ་བདེ་སེམས་བདེ་ཡིན་པའི་འཛད་སྤྱོད་ཁོར་ཡུག་བསྐྲུན་ཤུགས་ཆེ་རུ་བཏང་ནས། བློ་བདེ་སེམས་བདེའི་འཛད་སྤྱོད་རྨང་གཞིའི་ཚན་པ་དང་འདུ་འཛོམས་ཁུལ་སྣ་ཚོགས་གཙོ་གནད་ཐོག་གསོ་སྐྱོང་དང་། རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་སོགས་ཀྱི་ཁས་ལེན་ཁྱབ་རྒྱ་ཆེ་རུ་གཏང་བ། བཟའ་བཏུང་སོགས་གཙོ་གནད་ཁྱབ་ཁོངས་སུ“རིན་གོང་ཡིད་རྟོན་ཁས་ལེན”ཁྱབ་སྤེལ་གཏང་བ། འཛད་སྤྱོད་འདུས་ཁུལ་དུ་ཞུ་གཏུག་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་སྐྱོན་ལྡན་འཛད་སྤྱོད་དངོས་རྫས་ཕྱིར་འགུག་བྱེད་ཤུགས་ཆེ་རུ་གཏང་དགོས།     ཕྱོགས་གཞན་ནས་ཞུ་གཏུག་དང་ཐེར་འདོན། ཐག་གཅོད་བཅས་ཀྱི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏང་བ་དང་རྒྱལ་ཡོངས་ཀྱི་དྲ་སྦྲེལ་ལས་སྟེགས12315སོགས་བེད་སྤྱོད་གང་ལེགས་བྱས་ཏེ། འཁོར་རྒྱུག་ཐག་གཅོད་འགན་འཁྲིའི་ལམ་ལུགས་དོན་ལ་འཁྱོལ་བར་བྱས་ཏེ། མགྱོགས་མྱུར་ངང་བདག་སྤྲོད་དང་ཞིབ་བཤེར། ཚུར་ལན་བཅས་ཐུབ་པར་བྱེད་པ། ཡུན་རིང་ལས་ཀའི་ལམ་སྲོལ་བཙུགས་ནས་ཁྲིམས་ལྟར་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས།      གཞན་ཡང་འཛད་སྤྱོད་ཁོར་ཡུག་འཛུགས་སྐྱོང་ཐུན་མོང་བཅོས་སྐྱོང་གི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། སྲིད་འཛིན་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་ལས་གཉེར་བྱེད་པོས་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏང་བ། འཛད་སྤྱོད་མཐུན་ཚོགས་ཀྱི་སྣ་མང་བྱེད་སྒོ་སྤེལ་བར་ཤུགས་སྣོན་པ། ཁྲིམས་འཛིན་སྡེ་ཁག་དང་མཉམ་འགུལ་གྱིས་སྤྱི་ཕན་གཏུག་བཤེར་འཚོལ་ཞིབ་བྱ་རྒྱུར་ཤུགས་སྣོན་པ། དམིགས་བསལ་གྱི་ཚོགས་སྤྱིར་དམིགས་ཏེ་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་གཏང་བ། འཕྲིན་སྦྱོར་དང་མཉམ་ལས་གཏིང་ཟབ་ཏུ་གཏང་བ་བཅས་བྱས་ནས་ཁྱོན་ཡོངས་ནས་འཛད་སྤྱོད་ཁོར་ཡུག་ཡག་པོ་བསྐྲུན་རྒྱུ་རེད། དམིགས་འབེན་ལྔ་པ། སྤུས་ཚད་ཀྱི་འདེགས་སྐྱོར་དང་ཚད་གཞིའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།      ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལམ་དུ་བསྐྱོད་པར། 2025ལོར་དཀར་མཛེས་ཁུལ་གྱིས་འདེགས་སྐྱོར་དང་ཚད་གཞིའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏང་བ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏང་རྒྱུ་རེད།      ཁུལ་ཅུས་འཐབ་ཇུས་མཉམ་ལས་ཀྱི་རིམ་པ་དོན་ལ་འཁྱོལ་ནས“ཁུལ་ཅུས་ཐུན་མོང་འཛུགས་སྐྱོང་དང་ཁྱོན་ཡོངས་སྐུལ་འདེད། གཙོ་གནད་ཐོད་བརྒལ། ཕན་འབྲས་དོན་གཉེར་བཅས་ཀྱི་རྩ་དོན་དམ་འཛིན་བྱས་ཏེ། ཁྱབ་ཁོངས་མང་པོར་དམིགས་ཏེ་རིམ་པ་ལས་བརྒལ་བའི་མཉམ་ལས་ལམ་སྲོལ་འཛུགས་པ་དང་འགན་འཁྲི་ལས་བགོས་དང་ལོ་འཁོར་གྱི་ལས་འགན་ཞིབ་གཏང་། རྩིས་ཐོའི་ལམ་ལུགས་ལ་སྐུལ་འདེད་གཏང་བ་བཅས་བྱས་ཏེ་ཤུགས་ཡོད་རྒུས་ཚད་འབེབས་ཐུབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོན་དུ་འཇུག་དགོས།      སྤུས་ཚད་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་བའི་ལག་ལེན་དངོས་ཁྲོད།“སྤུས་ཚད་ཀྱི་སྦྲེལ་ཐག་སྟོབས་ཆེར་གཏང་བར”དམིགས་ནས། “སྤུས་ཚད་ཀྱི་ཁེ་ལས་སྟོབས་ཆེར་གཏང་བ” དང“སྤུས་ཚད་ཀྱི་རྫོང་སྟོབས་ཆེར་གཏང་བའི”ལས་དོན་ཕན་འབྲས་ཆེན་པོས་སྒོ་ནས་མཉམ་འདྲེས་ཡོང་བར་བྱས་ཏེ། ནོར་ནག་ཐོན་ལས་ཁྱུ་ཚོགས་དང་བོད་ཕག་དང་བོད་བྱ། རྒུན་ཆང་སོགས་དགེ་མཚན་ལྡན་པའི་ཐོན་ལས་སྦྲེལ་ཐག་སྤུས་ཚད་རིམ་སྤོར་ཡོང་བར་གཙོ་གནད་ཐོག་སྐུལ་འདེད་གཏང་དགོས། འབྲིང་རིམ་དང་མཐོ་རིམ་གྱི་འཛད་སྤྱོད་ཁྲོམ་རར་དམིགས་ཏེ་སྐྱེ་ལྡན་ཐོན་རྫས་ལྟེ་བར་བྱས་ནས་ཐོན་རྫས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏང་དགོས།      ཚད་གཞིའི་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་ཐད་ཆང་བསྙལ་རྒུན་འབྲུམ་དང་ནོར་ནག་དང་བོད་ཕག། བོད་བྱ་སོགས་གཙོ་གནད་ཐོན་ལས་ལ་དམིགས་ཏེ་ཐོན་སྐྱེད་དང་འདེད་འཇུག། བེད་མེད་དངོས་པོ་བེད་སྤྱོད་སོགས་འགག་རྩའི་ལྷུ་ཚིགས་འབུར་དུ་ཐོན་པར་བྱས་ནས་ལག་རྩལ་གྱི་ཚད་གཞི་ཁག་གཅིག་བཟོ་དགོས། དུས་མཚུངས་སུ་ས་གནས་ཀྱི་ཚད་གཞི་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏང་བ་དང་ས་གནས་ཀྱི་ཚད་གཞི་གསོག་ཚད་ཉུང་དུ་གཏང་བ། ཚད་གཞི་དྲིལ་བསྒྲགས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་བ་བཅས་བྱས་ནས་ཚད་གཞིའི་ནུས་པ་ཐོན་པར་འགན་ལེན་བྱ་དགོས།     ཚད་འཇལ་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་ཐད་ཚད་འཇལ་ནུས་པ་ཆེ་རུ་གཏང་རྒྱུར་དམིགས་ནས་ཚད་འཇལ་དཔྱད་བསྡུར་ནང་ཞུགས་པར་སྒྲིག་འཛུགས་བྱེད་པ། ལག་རྩལ་ཆུ་ཚད་ཞིབ་བཤེར་དང་མཐོར་འདེགས་གཏང་བ། དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ཏེ་ལོ་རེ་བཞིན་ཚད་འཇལ་ཚད་གཞི་གསར་འཛུགས་བྱེད་པ། ཚད་འཇལ་ཁྲིམས་འཛིན་ལ་ཤུགས་བསྣན་པ། འགུལ་རྣམ་རླངས་འཁོར་ཚད་འཇལ་དང་སྣུམ་སྣོན་འཕྲུལ་འཁོར་སོགས་ཚད་འཇལ་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ངོ་མ་སྲུང་སྐྱོབ་བྱ་དགོས། དམིགས་འབེན་དྲུག་པ། ཤེས་བྱའི་ཐོན་དབང་འབྲེལ་ཐག་ཡོངས་ཀྱི་སྲུང་སྐྱོབ་ར་བ་བརྟན་པོར་འཛུགས།       ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་ར་བ་འཛུགས་རྒྱུ་ནི་སྔར་ནས་བཟུང་རང་ཁུལ་གྱི་ཁྲོམ་རའི་ལྟ་དམ་ལས་དོན་གྱི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན།2025ལོར་དཀར་མཛེས་ཁུལ་གྱིས་སྔར་ཡོད་ཀྱི་གྲུབ་འབྲས་ཐོག་འབྲེལ་ཡོད་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།       གསར་གཏོད་སྐུལ་འདེད་གཏིང་ཟབ་ཏུ་གཏང་ཆེད། རང་ཁུལ་གྱིས་ཤེས་བྱའི་ཐོན་དབང་གི་འབྲེལ་ཐག་ཡོངས་ཀྱི་ནུས་པར་དམིགས་ནས“ནུབ་རྒྱུད་ས་ཁུལ་གྱི་གསར་གཏོད་མཐོ་སྒང”གི་ཤེས་བྱའི་ཐོན་དབང་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་གྱི་ལས་འགན་དོན་ལ་འཁྱོལ་བར་བྱས་ཏེ།“གྲོང་ཁྱེར་སྟོབས་ལྡན་དང་རྫོང་སྟོབས་ལྡན། གླིང་སྟོབས་ལྡན། ཁེ་ལས་སྟོབས་ལྡན”བཅས་ཀྱི་སྟོབས་ལྡན་ལས་གྲྭ་བཞིའི་ཞིང་ཆེན་རིམ་པའི་ཚོད་ལྟའི་དཔེ་སྟོན་ལས་གཞི་དཀར་མཛེས་ཁུལ་དུ་བཙུགས་ནས་ཤེས་བྱའི་ཐོན་དབང་འཕེལ་རྒྱས་གཏང་བར་སྲིད་ཇུས་དང་ལས་གཞིའི་རྨང་གཞི་བརྟན་པོ་གཏང་རྒྱུ་རེད།      དེའི་ཐོག་ཤེས་བྱའི་ཐོན་དབང་ནུས་སྤྲོད་ལས་གྲྭ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་རྒྱུ་དེ་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་གཏང་བའི་འགག་རྩའི་སྒུལ་ཤུགས་སུ་གྱུར་བ་དང་།“ཤེས་བྱའི་ཐོན་དབང་དང་སྐྱེ་ལྡན་ཐོན་ལས་ཟུང་འབྲེལ”གྱི་ཆེད་དོན་གསོ་སྦྱོང་སྤེལ་བ། ལྟ་དམ་དཔུང་ཁག་གི་ཆེད་ལས་བྱང་ཚད་མཐོ་རུ་གཏང་བ།“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”ཆེད་ཕན་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར་བ། རིན་ཐང་མཐོ་བའི་ཆེད་ཕན་གསོ་སྐྱོང་བྱས་ཏེ་ནོར་ནག་དཀར་མཛེས“ཕྱོགས་བཞི་གཞི་གཅིག”གི་སྲུང་སྐྱོབ་མ་ལག་འཛུགས་རྒྱུ་རེད།    ཤེས་བྱའི་བདག་དབང་བརྗེ་སྒྱུར་ལམ་སྲོལ་གསར་གཏོད་གཏིང་ཟབ་ཏུ་གཏང་རྒྱུའི་ཐད་སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས“སྔོན་སྤྱོད་རྗེས་སྤྲོད”ཀྱི་བརྗེ་སྒྱུར་ལམ་ལུགས་ཁྱབ་གདལ་གཏང་བ་དང་། ནོར་ནག་ཐོན་ལས་ཀྱི་ཆེད་ཕན་ཕྱོགས་སྟོན་གྲུབ་འབྲས་སྤྱད་དེ་རིན་ཐང་མཐོ་བའི་ཆེད་ཕན་དང་ཁེ་ལས་གནད་འཁེལ་སྦྲེལ་མཐུད་དང་བརྗེ་སྒྱུར་ལ་སྐུལ་འདེད་གཏང་བ།“ས་རྟགས་དང་སྐྱེ་ལྡན། སྤུས་རྟགས་བཅས་ཟུང་འབྲེལ”གྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏང་བ། སྤུས་རྟགས་ཀྱི་རིན་ཐང་དང་ཤུགས་རྐྱེན་ཆེ་རུ་གཏང་བ། ཤེས་བྱའི་བདག་དབང་གི་རིན་ཐང་ཆེ་ཤོས་སུ་འགྱུར་བར་སྐུལ་འདེད་གཏང་རྒྱུ་རེད།        གཞན་ཡང་ཤེས་བྱའི་བདག་དབང་གི་ཚད་གཞི་མཐོ་བའི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏང་བ་དང་ཆེད་ཕན་དབང་ཟའི་རྩོད་གླེང་སྲིད་འཛིན་ཁྲུན་གཅོད་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏང་བ། བདག་སྤྲོད་ཐབས་ལམ་བགགས་མེད། ཁྲུན་གཅོད་བརྒྱུད་རིམ་ལེགས་གཏོང་། གཏུག་བཤེར་འདུམ་འགྲིག་དང་རྩོད་གླེང་འདུམ་གཅོད་ཟབ་ཏུ་གཏང་བ། ཁྱད་ལྡན་ཞིང་ལས་ཐོན་རྫས་དང་སྨན་རྫས་ངོ་མ་སོགས་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏང་བ། ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་སྔོན་བརྡ་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་བ་བཅས་བྱས་ཏེ་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱས་ནས་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། དམིགས་འབེན་བདུན་པ། ཞབས་ཞུའི་རྣམ་པའི་ཁྲིམས་འཛིན་གྱི་དཔེ་རྣམ་གསར་པ་ཁྱབ་སྤེལ་གཏང་རྒྱུ།      ཁྲོམ་རའི་ལྟ་དམ་ལས་དོན་དེ་ཞབས་ཞུ་དང་ལྟ་དམ་གཉིས་ཀར་མཐོང་ཆེན་བྱེད་པའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏང་དགོས། 2025ལོར་རང་ཁུལ་གྱི་ཁྲོམ་རའི་ལྟ་དམ་ལས་དོན་གྱིས་ཕྱོགས་གསུམ་གྱི་ཐད་ནས་ཞབས་ཞུ་རྣམ་པའི་ཁྲིམས་འཛིན་དཔེ་རྣམ་གསར་པ་ཁྱབ་སྤེལ་གཏང་རྒྱུ་རེད།     སྲིད་འཛིན་དང་ཁྲིམས་འཛིན། ཁྲུན་གཅོད་དབང་ཆ་བཅས་ཚད་ལྡན་དུ་བསྒྱུར་བའི་ཐད་ལ“གྱོད་གཞི་གཅིག་པར་ཆད་པ་མི་འདྲ”བ་སོགས་ཀྱི་ལུགས་དང་མི་མཐུན་པའི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། དཔེ་མཚོན་གྱོད་གཞི་འདེམས་བསྐོ་དང་ཁྱབ་བསྒྲགས་བྱེད་པ་དང་འབྲེལ“གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱ་རྒྱུ”གཏིང་ཟབ་ཏུ་གཏང་བ་དང་། ཆེད་དོན་ལྟ་སྐུལ་བྱས་ཏེ་གྱོད་གཞིའི་ཡིག་ཚགས་གཅིག་སྡུད་དཔྱད་ཞིབ་དང་སྐབས་བསྟུན་འཐེན་བཤེར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲུན་གཅོད་དབང་ཆ་དྲང་གཞག་དང་ལུགས་མཐུན་ངང་སྤྱད་རྒྱུར་འགན་ལེན་བྱ་དགོས།      ཚད་ལྡན་དང་དྲང་གཞག། ཚུལ་ལྡན་ཀྱི་ཁྲིམས་འཛིན་ལས་དོན་ལ་སྐུལ་འདེད་གཏང་བའི་ཐད་ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། སྲིད་འཛིན་དང་ཁྲིམས་འཛིན་གྱི“ལམ་ལུགས་གསུམ”དོན་འཁྱོལ་བྱས་ཏེ། ཁྲིམས་འཛིན་བྱེད་སྟངས་ལེགས་སུ་གཏང་བ་དང་བརྒྱུད་རིམ་ཧྲིལ་པོར་གནས་ལུགས་རང་བཞིན་གྱི་ཁྲིམས་འཛིན་ལག་ལེན་བསྟར་བ། གནས་ལུགས་རང་བཞིན་གྱི་སྲིད་འཛིན་ཆད་གཅོད་ཡིག་ཆ་ཁྱབ་གདལ་གཏང་བ། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་དང་དངུལ་ཆད་ལ་ཆེད་དོན་བཅོས་སྐྱོང་སྤེལ་བ། ལུགས་མཐུན་མིན་པའི་ཆད་གཅོད་གཏན་འགོག་བྱ་དགོས།      ཁྲིམས་འཛིན་གྱི་བརྒྱུད་རིམ་ཁྲོད་ད་དུང་ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་བྱ་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ“དཔྱིད་འབྲུག་བྱ་སྤྱོད2025”དང“འཛད་སྤྱོད་སྲུང་སྐྱོང”གི་ཁྲིམས་འཛིན་བྱ་སྤྱོད་སྤེལ་བར་སྐུལ་འདེད་བཏང་ནས་ཁྲོམ་རའི་སྒྲིག་ལམ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏང་རྒྱུ་རེད། དེ་དང་ཆབས་ཅིག“ཁྲིམས་འཛིན་གྱི་མཐུད་སྣེ་མདུན་དུ་སྤོ་བར”སྐུལ་འདེད་བཏང་ནས་“ཁྲིམས་ལུགས་ཁྱིམ་དུ་བསྐྱོད་པ”སོགས་ཀྱི་བྱ་ཐབས་ཐོག་ནས་ཁྲིམས་འཛིན་དང་ཞབས་ཞུ་གཅིག་གྱུར་དམ་ཟབ་ཡོང་བ་བྱ་དགོས། དམིགས་འབེན་བརྒྱད་པ། ལྟ་དམ་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བར་ཤུགས་བསྣན་རྒྱུ།      ལས་གཉེར་བྱེད་པོར་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་ཆེད། 2025ལོར་རང་ཁུལ་གྱིས་ལྟ་དམ་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏང་རྒྱུར་ཤུགས་བསྣན་རྒྱུ་རེད།     གཅིག་ནས་ཁྲོམ་རའི་ལྟ་དམ་ཁྲིམས་སྐྱོང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏང་དགོས། བཅའ་ཁྲིམས་སློབ་སྦྱོང་དང་བཅའ་ཁྲིམས་རྒྱུགས་ལེན་ལམ་ལུགས་མུ་མཐུད་དུ་དོན་འཁྱོལ་དང་། དབང་ཆ་དང་འགན་འཁྲིའི་ཞིབ་ཐོ་འགུལ་རྣམ་ལེགས་སྒྲིག་བྱེད་པ།《ཁྲིམས་སྐྱོང་རྩིས་ཐོ》འཐུས་ཚང་དང་འཁོར་སྐྱོད་བྱེད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། “ཡི་གེ་གསུམ་དང་ཡིག་འཕྲིན་གཉིས། རྩིས་ཐོ་གཅིག”གི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ལྟ་དམ་བྱེད་སྟངས་སྣ་ཚོགས་དང་ལྟ་སྐུལ་དོན་དམ་གྱི་དབང་གྲགས་ཆེ་རུ་གཏོང་བ་ཕྱོགས་བསྡུས་སྒོས་སྤྱད་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འགན་འཁྲི་དོན་ལ་འཁྱོལ་བར་བྱས་ནས་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་དགོས།      གཉིས་ནས་རིག་ནུས་ལྟ་དམ་གྱི་ཡིག་ཚགས་ལེན་པ་དང་རིམ་སྤོར་ལ་སྐུལ་འདེད་གཏང་དགོས། ཁྱོན་ཡོངས་ཀྱི་རིག་ནུས་ལྟ་སྐུལ་མ་ལག་ཧུར་ཐག་གིས་འཛུགས་དགོས། ལྟ་དམ་གྱི་དོན་ཚན་དང་བརྒྱུད་རིམ། གྲངས་ཀ། འབྲས་བུ་སོགས་ལ་ཁྱབ་པ་དོ་དམ་ལྟ་སྐུལ་བྱེད་པ། “བཟའ་བཅའ་ཉེན་མེད་ཀྱི་དཀར་མཛེས”སོགས་རང་འཛུགས་ཆ་འཕྲིན་ཅན་གྱི་མ་ལག་མུ་མཐུད་དུ་དོ་དམ་ལེགས་སུ་གཏང་བ།  ཆ་འཕྲིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་ལྟ་དམ་གྱི་ཕན་ནུས་ཆེ་རུ་གཏང་བ། ལྟ་དམ་ལས་དོན་རིག་ནུས་ཅན་དང་ཕན་འབྲས་མཐོན་པོ་ཡོང་བར་བྱ་དགོས། དམིགས་འབེན་དགུ་པ།  ལྟ་དམ་བྱེད་པའི་རྩེར་སོན་དམག་མི་གསོ་སྐྱོང་བྱེད་པ།      ཆབ་སྲིད་གོ་རྟོགས་མཐོ་བ་དང་སྤྱོད་ཚུལ་ལེགས་པ། ནུས་པ་འབུར་དུ་ཐོན་པའི་ལྟ་དམ་དཔུང་ཁག་ཞིག་གིས་ལྟ་དམ་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་བསྟར་ཐུབ་པར་མ་ཟད་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཐུབ་པ་དང་། མང་ཚོགས་ལ་ཞབས་འདེགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ།     2025ལོར་རང་ཁུལ་གྱིས་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། ལས་རིགས་སྤྱོད་ཚུལ་འཛུགས་སྐྲུན། གཞི་རིམ་རྨང་གཞི་འཛུགས་སྐྱོང་སོགས་ཀྱི་བྱེད་ཐབས་ལ་ཤུགས་བསྣན་ནས་ལྟ་དམ་གྱི་རྩེར་སོན་དམག་མི་གསོ་སྐྱོང་བྱེད་དགོས།      དམིགས་འབེན་ཆེན་པོ་དགུ་ཡིས་དཀར་མཛེས་ཁུལ་གྱི་ཁྲོམ་རའི་ལྟ་དམ་ལས་དོན་ལ་ཤུགས་རྒྱག་པའི་གཙོ་གནད་ཁ་གསལ་བཟོས་ཡོད། དེ་ནི་བདེ་འཇགས་དང་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་ཡིན་ལ་དམངས་འཚོ་བདེ་སྐྱིད་ལ་ཐུགས་ཁུར་ཟབ་མོ་བྱེད་པ་ཡང་ཡིན། བདེ་འཇགས་ཀྱི་མཐིལ་ཚད་ནན་སྲུང་དང་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་གཏོང་བ། ཁྲིམས་འཛིན་ཕན་ནུས་ཆེ་རུ་གཏོང་བ་སོགས་འགག་རྩའི་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་ཤུགས་འདོན་རྒྱུ་ནི་མིག་སྔའི་འགན་འཁྲི་ཡིན་ལ། འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་བ་ཡང་ཡིན།  ཁྲོམ་རའི་ལྟ་དམ་བྱེད་མཁན་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་བརྒྱུད་དཀར་མཛེས་ཁུལ་གྱིས་དེ་བས་དྲང་གཞག་དང་གོ་རིམ་ལྡན་པ། གསོན་ཤུགས་བཅས་ཀྱིས་ཁེངས་པའི་ཁྲོམ་རའི་སྐྱེ་ཁམས་གསར་པ་འཛུགས་ཐུབ་པར་རེ་བ་ཆེན་པོ་ཡོད་དོ།། ལོ་ཙཱ། རྟ་མགྲིན་རྡོ་རྗེ།  རྩོམ་སྒྲིག་པ། རྟ་མེ།

  • ལེ་ཚན་སྔོན་མ།:བློ་བདེ་སེམས་སྐྱིད་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10