རྟའུ་རྫོང་གིས2025ལོའི་ལས་གཞི་གལ་ཆེན་གཅིག་བསྡུས་ལས་འགོ་བཙུགས།

        2025-03-10

ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར277.87གཏོང་བའི་རྟའུ་རྫོང་གི2025ལོའི་ལས་གཞི་གལ་ཆེན་གཅིག་བསྡུས་ལས་འགོ་བཙུགས།      སྤྱི་ཟླ2པའི་ཚེས19ཉིན། རྟའུ་རྫོང་གི2025ལོའི་ལས་གཞི་གལ་ཆེན་གཅིག་བསྡུས་ལས་འགོ་འཛུགས་པའི་མཛད་སྒོ་གཤིས་ཆུ་གྲོང་རྡལ་མཐུན་སྒྲིལ་སྣུར་སྲིང་ལམ་དུམ་གྲོང་ཁྱེར་དོ་དམ་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་རྒྱ་བསྐྱེད་ལས་གཞིའི(རྟའུ་གྲོང་ཁྱེར་གཟུགས་བརྙན་སྒོ་ཆེན་ལམ་དུམ)ཨར་ལས་བྱ་ཡུལ་དུ་སྤེལ་བ་རེད། རྟའུ་རྫོང་ཨུའི་ཧྲུའུ་ཅི་ལིན་ཏུང་ཧྲེང་མཛད་སྒོར་ཞུགས་པ་དང་འབྲེལ་ལས་འགོ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།      གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རྟའུ་རྫོང་གིས་དམངས་འཚོ་ལེགས་གཏོང་དང་རྨང་བཀོད་འཛུགས་སྐྲུན། ནུས་རྒྱུ་གསར་སྤེལ། གྲོང་རྣམ་ལེགས་གཏོང་། ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོར་དམིགས་ནས་ལས་གཞི179ལག་ལེན་བསྟར་རྒྱུ་ཡིན་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར277.87གཏོང་བ་དང་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར33གཏང་རྒྱུ་རེད། དཀར་མཛེས་ཁུལ་གྱི“གཞུང་གཉིས་དང་འཕྲེད་གསུམ། འབྲེལ་བཞིའི”མྱུར་བགྲོད་གཞུང་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བྲག་མགོ་ནས་དར་མདོ་ར་རྔ་ཁ་བར་གྱི་མྱུར་ལམ་ལས་གཞིར་ལས་འགོ་འཛུགས་པའི་ཡུལ་དངོས་ནས་ཀུན་གྱིས་དོ་ཁུར་ཆེན་པོ་ཐོབ། ལས་གཞི་དེ་ནི་དཔལ་སྨད་ནས་ར་རྔ་ཁ་བར་གྱི་ལམ་དུམ་དང་བྲག་མགོ་ནས་དཔལ་སྨད་བར་གྱི་ལམ་དུམ་ལས་གྲུབ་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ186ཡོད་ཅིང་། དེ་ལས་རྟའུ་མངའ་ཁོངས་ཀྱི་སྤྱི་ལེ106གི་ལམ་དུམ་གྱིས་རྫོང་ཁོངས་བརྒྱུད་པའི“འགྲིམ་འགྲུལ་འཕར་རྩ་ཆེན་མོ”གྲུབ་ཡོད་པ་རེད། ལས་གཞི་ལེགས་འགྲུབ་བྱུང་རྗེས་རྟའུ་ནས་དར་མདོ་བར་གྱི་འཁོར་བགྲོད་དུས་ཚོད་ཇེ་ཐུང་དུ་གཏང་ཐུབ་པར་མ་ཟད།  མ་ལམ་དང་སྦྲེལ་མཐུད་བྱས་ཏེ་ཁྲོན་ནུབ་མཐོ་སྒང་གི“དུས་ཚོད་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད”ཆགས་ནས་ལམ་རྒྱུད་ཀྱི་ཡུལ་སྐོར་དང་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཐེབས་ཐུབ།      ཉིན་དེར་དུས་མཉམ་དུ་ལས་འགོ་བཙུགས་པའི་རྟའུ་རྫོང་གཤིས་ཆུ་གྲོང་རྡལ་མཐུན་སྒྲིལ་ལམ་ཆེན་སྣུར་སྲིང་ལམ་དུམ་བསྐྱར་སྐྲུན་རྒྱ་བསྐྱེད་ལས་གཞིར་བསྡོམས་དངུལ་སྒོར་ཁྲི2995གཏང་རྒྱུ་ཡིན་ཞིང་ལས་གཞི་དེས་དེ་སྔོན་གྱི་དགེ་བཤེས་ཡུལ་ཤོག་ཞིང་རི་གྲོང་སྡེའི་སྣོལ་ལམ་ནས་མཐུན་སྒྲིལ་ལམ་ཆེན་གྱི་ལམ་མདོ་བར་གྱི་ཕྱོགས་གཉིས་འཁོར་ལམ་དེ་ཕྱོགས་བཞི་འཁོར་ལམ་ལ་རིམ་པ་སྤར་བྱ་རྒྱུ་ཡིན་པ་དང་འབྲེལ“རྟའུ་གྲོང་སྒོའི་གཟུགས་བརྙན་སྒོ་ཆེན”སྣ་འདུས་འཛུགས་སྐྲུན་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད།        ལས་འགོ་འཛུགས་པའི་མཛད་སྒོའི་ཡུལ་དངོས་སུ། རྟའུ་རྫོང་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་བསོད་ནམས་ཕུན་ཚོགས་ཀྱིས་གསར་དུ་སྐྲུན་པའི་ཡུལ་ལྗོངས་ཐང་ཆེན་དང་རིག་ནུས་གློག་གསོག་ཀ་བ6། ཕྱིར་ཚོང་ཁང7དང་ཚད་ལྡན་ཅན་གྱི་སྤྱི་པའི་གསང་སྤྱོད་བཅས་ཀྱིས་ཡུལ་སྐོར་བའི་འཁོར་ལྷས་མེད་པ་དང་གསང་སྤྱོད་ཁང་དཀོན་པ། ངལ་གསོ་བྱེད་དཀའ་བ་བཅས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་རྒྱུ་རེད། ལས་གཞི་ལེགས་གྲུབ་བྱུང་རྗེས་ཡུལ་སྐོར་བས་གནས་འདི་ནས་བརྗིད་ཆགས་ཀྱི་གངས་རི་དང་ཉམས་དགའི་ཞིང་ས་པར་ལེན་ཐུབ་པར་མ་ཟད། རྟའུ་ཡི་ཡུལ་མིའི་སྡོད་ཁང་གི་བཟོ་སྐྲུན་སྒྱུ་རྩལ་ཡང་ཉམས་ལེན་བྱ་ཐུབ་ཅེས་ངོ་སྤྲོད་བྱས།       ལས་འགོ་འཛུགས་པའི་མཛད་སྒོའི་ཐོག་རྟའུ་རྫོང་ཨུ་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཨོ་རྒྱན་ཚེ་རིང་གིས་ཤིས་ཚིག་ཞུ་སྐབས“རྫོང་ཡོངས་ཀྱི་གོང་འོག་ཚང་མས་མགོ་ཁྲིད་ཀྱི་འགན་གཙང་ལེན་དང་དུས་བཀག་བཀོད་གཏོང་། ཡུལ་དངོས་གཞུང་སྒྲུབ་སོགས་ལམ་སྲོལ3དོན་ལ་འཁྱོལ་བར་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་སྐྱོད་ལས་གཞིའི་དཔྱད་བཤེར་དཔྱད་དཔོག་ལམ་སྲོལ་བེད་ཡག་པོ་སྤྱད་ནས་དཀའ་སྤྱད་འབད་བརྩོན་གྱིས་གྲུབ་འབྲས་ཐོབ་པར་བྱས་ནས་ཨར་ལས་རི་མོ་དེ་ལྗོངས་དངོས་རི་མོར་བསྒྱུར་དགོས”ཅེས་བཤད།  (པར་རིས་རྟའུ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་མཁོ་འདོན་བྱས། )

ལོ་ཙཱ། རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་པ། རྟ་མེ།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས3.8བུད་མེད་དུས་ཆེན་ལ་འཚམས་འདྲིའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།