བློ་བདེ་སེམས་སྐྱིད་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན།

        2025-03-21

རང་ཁུལ་གྱིས2025ལོའི “3·15” རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ།

   སྤྱི་ཟླ3པའི་ཚེས15ཉིན་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཁུལ་འཛད་སྤྱོད་ཨུ་ལྷན་གྱིས་གཙོ་གཉེར་དང་ལྕགས་ཟམ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ལྕགས་ཟམ་རྫོང་འཛད་སྤྱོད་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་བའི་བློ་ཡིད་ཚིམ་པའི་འཛད་སྤྱོད་ཁོར་ཡུག་མཉམ་དུ་སྐྲུན་ཞེས་པ་གཙོ་དོན་དུ་བྱས་པའི་ཡུལ་དངོས་དྲིལ་བསྒྲགས་བྱེད་སྒོ་ལྕགས་ཟམ་རྫོང་དུ་སྤེལ།

   ཉིན་དེར་ལྕགས་ཟམ་རྫོང་ཐང་ཆེན་དུ་སྔ་མོ་ནས་དྲིལ་བསྒྲགས་སྟེགས་བུ་དང་ཟས་རིགས་མྱུར་བཤེར་ཁུལ་བཙུགས་ནས་ཡུལ་དངོས་སུ3·15”ནང་དོན་མང་པོ་བཀོད་སྒྲིག་བྱས་ཤིང་། དྲིལ་བསྒྲགས་འགྲེམས་པང་ཐོག་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འབྲེལ་ཡོད་ནང་དོན་བཀོད་ཡོད། སྡེ་ཁག་གིས་དྲིལ་བསྒྲགས་འགྲེམས་པང་འཇོག་པ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། རྫུན་མ་དབྱེ་འབྱེད་ཤེས་བྱ་འགྲེམས་སྟོན་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་གཟུགས་ལམ་བསྟན་པ། ཁྲིམས་སྲོལ་བློ་འདྲི་དང་།ཞུ་གཏུག་བདག་སྤྲོད་སོགས་ཀྱི་ཞབས་ཞུ་སྤེལ་ནས་སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཆེ་རུ་བཏང་ཡོད།

   ལྕགས་ཟམ་རྫོང་གི་ཡུལ་མི་ཞའོ་ཡུན་ཞང་གིས་ལས་སྒྲུབ་མི་སྣས་འགྲེལ་བཤད་བརྒྱུད་དེ་ངས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་ཤེས་བྱ་མང་པོ་ཤེས་བྱུང་། འཛད་སྤྱོད་ཀྱི་རྩོད་གཞི་དང་འཕྲད་སྐབས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ཇི་ལྟར་བསྲུང་དགོས་པ་ཤེས་བྱུང་། ཚོང་ཟོག་རྫུན་མ་དབྱེ་འབྱེད་ཀྱི་དྲིལ་བསྒྲགས་ལག་དེབ་དེ་ཧ་ཅང་སྤྱོད་གོ་ཆོད་པས་ངའི་དུས་རྒྱུན་གྱི་ཉོ་སྒྲུབ་ལ་ཕན་ཐོགས་ཆེན་པོ་འདུག། བྱེད་སྒོ་དེ་རིགས་ཀྱིས་ང་ཚོ་འཛད་སྤྱོད་པར་དངོས་གནས་དྲང་གནས་ཀྱི་སེམས་ཁུར་དང་སྲུང་སྐྱོང་བྱས་པ་ཡིན་པ་ཚོར་བྱུང་ཞེས་དགའ་སྤྲོའི་ངང་བཤད་པ་རེད།

   ཡུལ་དངོས་སུ་ཆེས་དགའ་བསུ་ཐོབ་པའི་དོན་དག་ནི་ཁྱོད་ཀྱིས་འདེམས་ང་ཡིས་བཤེར་ཞེས་པ་དང་། ཁྱོད་ཀྱིས་སྐྱེལ་ང་ཡིས་བཤེར་ཞེས་པ་དེ་རེད། དོན་དུ་མང་ཚོགས་ཀྱིས་ཚོང་ཟོག་བདམས་ནས་ཞིབ་བཤེར་བྱ་རྒྱུར་སྐྱེལ་བ་དང་། ལྟ་སྐུལ་དོ་དམ་སྡེ་ཁག་གིས་མངག་ཐོ་དང་ལེན་ཞིབ་བཤེར་བྱས་ནས་མང་ཚོགས་ཟས་རིགས་ཉེན་མེད་ནང་ཞུགས་མཁན་དང་། བདེན་དཔང་བྱེད་མཁན། ལྟ་སྐུལ་བྱེད་མཁན་བཅས་སུ་འགྱུར་བཅུག་པ་དེ་ཡིན། མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་ཁྱབ་ཁོངས་ནང་ཐོན་རྫས་དང་། སྔོ་ཚལ། ཤིང་ཏོག། ཤ་རིགས་སོགས་ཚུད་ཡོད་པ་དང་། རྣམ་གྲངས་ནང་དུ་ཞིང་སྨན་ལྷག་ལུས་དང་། ཟས་རིགས་ཁྲོད་ཀྱི་ཅ་ཆོན་དང་།དབྱང་གཉིས་མུ་ཟི། ཟེ་སྐྱུར་ཚྭ་ཕལ་བ་སོགས་ཚུད་ཡོད་པས་སྤྱིར་བཏང་དུ་མྱུར་དུ་མཇུག་འབྲས་ཞིབ་བཤེར་བྱེད་ཐུབ།

   འཛད་སྤྱོད་པ་མང་པོས་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་ནས་ཉོས་མ་ཐག་པའི་སྔོ་ཚལ་དང་ཤིང་ཏོག་སོགས་ཟས་རིགས་ཁྱེར་ཏེ་མྱུར་བཤེར་ཁུལ་དུ་ཡོང་ནས་རང་ཉིད་ཀྱིས་ཉོས་པའི་ཟས་རིགས་ཉེན་མེད་ཡིན་མིན་ཤེས་རྟོགས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ལས་སྒྲུབ་མི་སྣས་སྤྲོ་སེམས་འཁོལ་བའི་ངང་ནས་ཞིབ་བཤེར་སྐྱེལ་མཁན་མང་ཚོགས་ཚང་མར་སྣེ་ལེན་ཞུས་པ་དང་ཡུལ་དངོས་སུ་ཞིབ་བཤེར་བྱས། ཞིབ་དཔྱད་ཚད་ལེན་བྱེད་རིང་ལས་སྒྲུབ་མི་སྣས“3·15”དྲིལ་བསྒྲགས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་བཟའ་བཅའ་མྱུར་བཤེར་གྱི་རྩ་བའི་རིགས་པ་འགྲེལ་བཤད་བྱས་ནས་མང་ཚོགས་ལ་བཟའ་བཅའ་ཉེན་མེད་འཛད་སྤྱོད་ཁྲོད་ཀྱི་རང་ཉིད་ཀྱི་ཁེ་དབང་འགན་སྲུང་ཇི་ལྟར་བྱ་དགོས་པའི་སྐོར་ཤེས་རྟོགས་ཐུབ་པ་བྱས་ཡོད། འཛད་སྤྱོད་པ་བུད་མེད་ཀྲང་ལགས་ཀྱིས“3·15” ལ་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་ནི་ང་ཚོར་མཚོན་ན་ཕན་ཐོགས་ལྡན་པ་ཞིག་རེད་ཅེས་བཤད།
   ད་ལོར་རང་ཁུལ་གྱིས་ཐོག་མར2025ལོའི་ཟས་རིགས་ཉེན་མེད་ཀྱི་དམངས་ཕན་ཞབས་ཞུའི་བྱེད་སྒོ་དང“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་བྱེད་སྒོ་གཉིས་ཟུང་དུ་འབྲེལ་ནས་དྲྭ་ཐོག་དང་དྲྭ་ཕྱི་ནས་མཉམ་འགུལ་བྱེད་སྟངས་སྤྱད་དེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གདན་དྲངས་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཏེ། རྒྱ་ཆེ་བའི་མང་ཚོགས་ཟས་རིགས་ཉེན་མེད་ལས་དོན་ནང་ཞུགས་ཚད་དང་ཉམས་ལེན་ཚོར་སྣང་སྔར་བས་ཆེ་རུ་ཕྱིན་ཡོད།

   ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་བརྒྱུད་དེ་རྒྱ་ཆེ་བའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ལས་རིགས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་སྔར་ལས་ཉེན་མེད་དང་བདེ་བླག་གི་སྒོ་ནས་འཛད་སྤྱོད་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་རྒྱུར་བསྐུལ་ཡོད་ཅེས་བཤད། ད་ལོར“བློ་ཡིད་ཚིམ་པའི་འཛད་སྤྱོད་ཁོར་ཡུག་མཉམ་དུ་བསྐྲུན”ཞེས་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལོའི་གཙོ་དོན་ལ་དམིགས་ཏེ་བློ་བདེའི་འཛད་སྤྱོད་ཁོར་ཡུག་བསྐྲུན་ཤུགས་ཆེ་རུ་གཏོང་བ་དང་། ཞུ་གཏུག་དང་ཐེར་འདོན་ཐག་གཅོད་ཀྱི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་བ།འཛད་སྤྱོད་ཁོར་ཡུག་བསྐྲུན་པའི་ཐུན་མོང་བཅོས་སྐྱོང་གི་ནུས་ཤུགས་གཅིག་སྒྲིལ་བཅས་བྱ་རྒྱུ་རེད།

   བྱེད་སྒོའི་སྤེལ་རིང་ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་སྡེ་ཚན་ཁག་དང་མཉམ་འབྲེལ་བྱས་ཏེ“དྲྭ་ཐོག་དང་དྲྭ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་བའི“མདུན་སྐྱོད་དྲུག”གི་བྱེད་སྒོ་མཐར་ཕྱིན་སྤེལ་བ་སྟེ། སྤྱི་ཁུལ་དང་སློབ་གྲྭ། ཚོང་ཁང་། ཁེ་ལས། ཞིང་སྡེ། དགོན་པ་བཅས་རེད། གསར་འགྱུར་མ་གཏང་སྔོན་ལ་ཁུལ་ཡོངས་ཀྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག3400ལྷག་བཀྲམ་པ་དང་། ཡུལ་དངོས་སུ་བློ་འདྲི་མཁན1200ལ་འགྲེལ་བཤད་བྱས་པ་དང་ཁྲོམ་རའི་གཉེར་པོ་ཁག634ལ་བཅར་འདྲི་བྱས་ཡོད། ཡུལ་དངོས་སུ་སློབ་ཁྲིད་དང་། དོགས་འདྲི་སེལ་བ། ཤེས་བྱའི་དྲིས་ལན་སོགས་བརྒྱུད་དེ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་བ་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད།

   ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་བཅངས་ཏེ། རིན་གོང་ལྟ་ཞིབ་ཚད་ལེན་དང་། ཁ་ཆད་དྲན་འདེབས། སྐོར་ཞིབ་ཞིབ་བཤེར་བཅས་ལ་ཤུགས་བརྒྱབ་ནས་འཛད་སྤྱོད་ཁྱབ་ཁོངས་ཀྱི་རྩོད་གཞི་གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད་ལམ་སྲོལ་བཙུགས་པར་མ་ཟད། སྔོན་ལ་ཞབས་ཞུ་བྱས་ཏེ། དུས་ཐོག་ཏུ་བདག་སྤྲོད་དང་ཁག་བགོས། ཞིབ་བཤེར་ཐག་གཅོད་བཅས་མུ་མཐུད་དེ་བསྒྲུབ་པ་དང་། ཞུ་གཏུག་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས30མཐོ་བ་དང་། བློ་བདེའི་འཛད་སྤྱོད་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ནས་འཛད་སྤྱོད་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཏན་ཏིག་ཆེ་རུ་བཏང་ཡོད་པ་རེད།།

རང་ཁུལ་གྱིས་འཛད་སྤྱོད་ཁོར་ཡུག་བློ་བདེ་མོ་བསྐྲུན་གང་ཐུབ་བྱས།

    ཉེ་བའི་ལོ་ཤས་རིང་ལ། དཀར་མཛེས་ཁུལ་གྱིས་བྱེད་ཐབས་ནུས་ཕན་ཆེ་བ་རབ་དང་རིམ་པ་སྤྱད་པ་ལས་འཛད་སྤྱོད་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་ཉེན་མེད་ཡོང་བར་བསྲུངས་ཤིང་བསྐྱངས་པ་ནས་མཉམ་བཅོས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་འཛད་སྤྱོད་པའི་ཆོད་སེམས་བརྟན་དུ་བཏང་བ། དེ་ནས་དཔེ་སྟོན་གསར་དུ་བཙུགས་ནས་འཛད་སྤྱོད་ཞབས་ཞུའི་རིམ་པ་གོང་དུ་སྤར་བའི་བར། རང་ཁུལ་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞི་གཙང་དཀར་མཛེས་བསྐྲུན་གང་ཐུབ་བྱས་ཏེ་འཛད་སྤྱོད་པར་མྱོང་རོལ་གསར་པ་ཞིག་བྱིན་དང་སྦྱིན་བཞིན་ཡོད།

   ཉེ་ཆར། རང་ཁུལ་གྱིས་བྱེད་ཐབས་གོ་ཆོད་པོ་རབ་དང་རིམ་པ་སྤྱད་དེ་འཛད་སྤྱོད་པར་འཛད་སྤྱོད་ཁོར་ཡུག་དེ་བས་ཉེན་མེད་བློ་བདེ་ཡིན་ལ་སྣང་བ་སྐྱིད་པོ་ཞིག་བསྐྲུན་པ་རེད།

    རང་ཁུལ་གྱིས་འཛད་སྤྱོད་ཉེན་མེད་ཀྱི་མཐིལ་ཚད་དམ་དུ་སྲུང་བའི་ཆེད་དུ་འཛད་སྤྱོད་པའི་ཞུ་གཏུག་མང་ས་དང་ཁེ་དབང་སྲུང་བའི་དཀའ་གནད་ལ་དམིགས་ནས། ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་སྡེ་ཚན་གྱིས་སྤུས་ཚད་ཉེན་མེད་དང་རིན་གོང་ལྟ་སྐུལ། དམངས་འཚོའི་འགྲེམ་བརྡ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། འཛད་སྤྱོད་ཁོར་ཡུག་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད། ད་སྔའི་བར། ཁུལ་ཡོངས་ཀྱིས་གོ་རིམ་དཀྱུས་མའི་གྱོད་དོན38བསྒྲུབས་ཤིང་། ཆད་གཅོད་དངུལ་འབོར་སྒོར་ཁྲི15.16ལ་ཟིན་པ་དང་། འཛད་སྤྱོད་པའི་ཁེ་དབང་ལ་གནོད་པའི་བྱ་སྤྱོད་ལ་རྡུང་རྡེག་ཕན་འབྲས་ཡོད་པ་བཏང་ཡོད། དུས་མཉམ་དུ་རང་ཁུལ་གྱིས་ད་དུང་ཆད་བཅད་གྱོད་དོན14ཆག་ཡང་དུ་བཏང་ནས་སྒོར་ཁྲི37ཆག་ཡང་དུ་བཏང་ནས་ཁྲིམས་འཛིན་གྱི་མི་གཤིས་རང་བཞིན་དང་སྟབས་བསྟུན་རང་བཞིན་མངོན་པར་མཚོན་ཡོད།

   མཉམ་བཅོས་ལམ་སྲོལ་འཐུས་ཚང་དུ་བཏང་བའི་ཐད་ལ། རང་ཁུལ་གྱིས་འཛད་སྤྱོད་རྩོད་གླེང་འདུམ་འགྲིག་ལས་དོན་གྱི་སྒྲུབ་རིམ་ལེགས་སུ་བཏང་བ་དང་། ནོར་བུའི་རིགས་རྩ་ཆེན་འཚོང་བའིDRཡི་འཛད་སྤྱོད་རྩོད་གླེང་དྲྭ་ཐོག་ཐག་གཅོད་པའི་ནུས་པ་གང་ལེགས་བཏོན་ཡོད། ཁེ་ལས་དང་ཚོང་དུད་ཀྱི་བྱེད་པོའི་སྟོབས་ཤུགས་བསྡུས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་བའི་མ་རྩ་བཅག་པ་དང་། རྩོད་གླེང་འདུམ་པའི་ཕན་འབྲས་ཆེ་རུ་བཏང་སྟེ་འཛད་སྤྱོད་པར་བློ་བདེ་སེམས་སྐྱིད་ཀྱི་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་ཡོད། བསྡོམས་རྩིས་ལ་གཞིགས་ན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱིས་འཛད་སྤྱོད་པའི་འདྲི་རྩད་ཞུ་གཏུག236བདག་སྤྲོད་བྱས་ཏེ་འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི4ལྷག་གསབ་པ་རེད།

   དེ་མིན་རང་ཁུལ་གྱིས་ད་དུང་དཔེ་སྟོན་གསར་འཛུགས་ཀྱིས་སྣེ་ཁྲིད་དེ་འཛད་སྤྱོད་ཞབས་ཞུའི་རིམ་པ་གོང་དུ་སྤར་ཡོད། ཁུལ་ཡོངས་སུ་དུད་ཚང60ལ་བློ་བདེ་སེམས་སྐྱིད་དཔེ་སྟོན་ཚན་པའི་ཡུལ་དངོས་ཞིབ་དཔྱད་བྱས་ཤིང་། འཛད་སྤྱོད་ཁོར་ཡུག་ཚོང་གཉེར་མཁན་གྱི་དང་འདྲི་ལམ་ལུགས་དང་སྐྱིན་ཚབ་སྔོན་སྤྲོད་ལམ་ལུགས། དྲྭ་ཕྱིར་ཅ་ལག་ཉོ་བར་རྒྱུ་མཚན་མི་དགོས་པར་དངོས་རྫས་ཕྱིར་སློག་ཆོག་པའི་དམ་བཅའ་སོགས་ཁྱབ་གདལ་ཆེ་རུ་བཏང་ཡོད། ད་སྔའི་བར། ཁུལ་ཡོངས་སུ་བློ་བདེ་སེམས་སྐྱིད་དཔེ་སྟོན་ཚོང་ཁང1312དང་དཔེ་སྟོན་ལྗོངས་ཁུལ13དང་། དཔེ་སྟོན་ཁྲོམ་གཞུང24བཙུགས་ཡོད་པ་རེད།

   རང་ཁུལ་གྱིས་བྱེད་ཐབས་དེ་ཚོ་བརྒྱུད་དེ། འཛད་སྤྱོད་ཁོར་ཡུག་ཇེ་ཡག་ཏུ་བཏང་བར་མ་ཟད། འཛད་སྤྱོད་པར་འཛད་སྤྱོད་མྱོང་རོལ་གསར་པ་ཞིག་ཀྱང་བྱིན་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་མེད་ཅིང་བློ་བདེ་པོས་འཛད་སྤྱོད་ཐུབ་པར་བྱས་ནས་འཛད་སྤྱོད་ཉེན་མེད་ཀྱི་མཐིལ་ཚད་བརྟན་པོར་བསྲུངས་པ་རེད།།

མེ་ཟོན་ཐོན་རྫས་ཁྲོམ་རའི་ཁོར་ཡུག་ཡག་པོར་བཟོས།

   རང་ཁུལ་གྱིས2025ལོའི་འཛད་སྤྱོད་པའི་ཉིན་མོར་མེ་ཟོན་ཐོན་རྫས་དབྱེ་འབྱེད་ནུས་རྩལ་དང་ཐོན་རྫས་སྤུས་ཚད་ཚན་རིག་ཁྱབ་སྤེལ་དུས་མོལ་གསོ་སྦྱོང་བྱེད་སྒོ་སྤེལ།

   སྤྱི་ཟླ3པའི་ཚེས14ཉིན། མངའ་ཁོངས་མེ་ཟོན་ཉེན་མེད་དོ་དམ་མི་སྣའི་མེ་ཟོན་ཐོན་རྫས་དབྱེ་འབྱེད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཐོན་རྫས་ཀྱི་སྤུས་ཚད་ལ་ངོས་འཛིན་གང་ལེགས་འབྱུང་བ། མེ་ཟོན་ཐོན་རྫས་བེད་སྤྱོད་ཚད་ལྡན་ཡོང་བ། མེ་ཟོན་ཐོན་རྫས་ཀྱི་ཁྲོམ་རའི་ཁོར་ཡུག་ཡག་པོར་བཟོ་བ་བཅས་ཀྱི་ཆེད་དུ། ཁུལ་མེ་ཟོན་རོགས་སྐྱོར་ཡན་ལག་རུ་ཁག་གིས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་མཉམ་འབྲེལ་བྱས་ནས། མེ་ཟོན་ཐོན་རྫས་དབྱེ་འབྱེད་ནུས་རྩལ་དང་ཐོན་རྫས་སྤུས་ཚད་ཚན་རིག་ཁྱབ་སྤེལ་དུས་མོལ་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད།

   གཅིག་བསྡུས་དུས་མོལ་གསོ་སྦྱོང་ཚོགས་འདུར། གསོ་སྦྱོང་བྱེད་མཁན་གྱིས་ད་ཆའི་མེ་ཟོན་ཐོན་རྫས་ཁྲོམ་རའི་གནས་བབ་ལ་དབྱེ་ཞིབ་མཐར་ཕྱིན་བྱེད་ཅིང་། མེ་ཟོན་ཉེན་མེད་ལ་དོན་སྙིང་གལ་ཆེན་ཡོད་པའི་མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་སྐོར་རྒྱས་བཤད་བྱས་ཏེ། རིགས་གཞུང་བཤད་པ་དང་བཀོལ་སྤྱོད་དཔེ་སྟོན་ཟུང་དུ་སྦྲེལ་ནས་མེ་ཟོན་ཐོན་རྫས་ངོ་མ་དང་རྫུན་མ། སྤུས་ཚད་བཟང་ངན་གྱི་དབྱེ་འབྱེད་བྱེད་ཐབས་སོགས་བཤད་པ་རེད། ཚོགས་ཞུགས་མི་སྣ་ཚོས་རྒྱུན་མཐོང་གི་སྤུས་ཚད་གནད་དོན་དང་ཉེན་ཁ་མི་མངོན་པར་དབྱེ་ཞིབ་དང་གྲོས་བསྡུར་བྱས་པ་རེད།

   ཁྲོམ་ར་ལྟ་སྐུལ་དོ་དམ་མི་སྣས་སྡེ་ཚན་གཙོ་བོ་ཁག་ལ་མེ་ཟོན་ཐོན་རྫས་ཉོ་བ་དང་བེད་སྤྱོད་ཀྱི་མཚམས་འགག་ཡག་པོ་བསྲུངས་ནས་བཀོལ་སྤྱོད་ཐོན་རྫས་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་སྒྲིག་སྲོལ་དང་མཐུན་པ་ཁག་ཐེག་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་བསྲུང་དགོས་པ་བསྐུལ་བ་རེད།

གཅིག་བསྡུས་གསོ་སྦྱོང་རྫོགས་རྗེས་ཚོགས་ཞུགས་མི་སྣ་ཚོ་ཁུལ་མེ་ཟོན་ཚན་རིག་ཁྱབ་སྤེལ་རྟེན་གཞིར་ཕྱིན་ནས་མེ་སྤྱོད་དངོས་རྫས་ལ་ལྟ་བ་དང་ཚན་རིག་ཁྱབ་སྤེལ་གློག་བརྙན་ལ་ལྟ་བ། མཉམ་སྐུལ་མྱོང་རོལ་དུ་ཞུགས་པ་སོགས་ལ་བརྟེན་ཏེ་ནམ་རྒྱུན་དགོས་ངེས་ཀྱི་མེ་ཟོན་ཉེན་མེད་ཤེས་བྱ་སྦྱངས་ནས་རང་ཉིད་འགོག་སྲུང་དང་འཚུབ་བསྟུན་ཉེན་ཡོལ་གྱི་སྒྲིག་འཛུགས་ནུས་པ་ཆེ་རུ་བཏང་བ་རེད།

   ཁུལ་མཐོ་རིམ་སློབ་འབྲིང་གི་ལིའོ་ཡོའུ་ཡིས་དེ་རིང་ཁུལ་མེ་ཟོན་རུ་ཆེན་དུ་གསུམ་པའི་བཅོ་ལྔའི་འཛད་སྤྱོད་པའི་ཉིན་མོའི་མེ་ཟོན་ཤེས་བྱ་གསོ་སྦྱོང་ལ་ཞུགས་ནས། མེ་ཟོན་ཐོན་རྫས་དབྱེ་འབྱེད་དང་ཉོ་སྟངས་བྱེད་སྟངས་ཤེས་བྱུང་། ད་དུང་མེ་ཟོན་ཚན་རིག་ཁྱབ་སྤེལ་རྟེན་གཞིར་སོང་ནས་ཉེན་ཁ་མི་མངོན་པ་མང་པོའི་འབྱུང་རྐྱེན་ཡང་གོ་སོང་། ང་ཚོས་དེའི་འཕྲོར་སློབ་གྲྭའི་ཉེན་ཁ་མི་མངོན་པར་ཚགས་བཤེར་བྱ་རྒྱུ་ཡིན་ལ། དགེ་སློབ་ཚོར་མེ་ཟོན་ཉེན་མེད་སློབ་གསོ་བྱེད་ཤུགས་སྔར་བས་ཆེ་རུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

   ཐེངས་འདིའི་བྱེད་སྒོ་བརྒྱུད་དེ་ཚོགས་ཞུགས་སྡེ་ཚན་ཁག་གི་མེ་ཟོན་ཐོན་རྫས་སྤུས་ཚད་ལ་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། མེ་ཟོན་ཐོན་རྫས་ཉོ་སྤྱོད་དོ་དམ་གྱི་མཚམས་ཚིགས་སྤུས་འགག་ཡག་པོ་སྲུང་ཐུབ་ཅིང་ནམ་རྒྱུན་གྱི་གསོ་སྲུང་ཡག་པོ་བྱེད་ཐུབ་པར་ཕན་ཐོགས་ཤིང་། མེ་ཟོན་ཐོན་རྫས་ཀྱི་ཁྲོམ་རའི་ལྟ་སྐུལ་ཕན་འབྲས་ཆེ་རུ་ཕྱིན་ཏེ་འབྱུང་རྩ་ནས་ཐོན་རྫས་ཚད་མ་ལོན་པ་ཁྲོམ་རར་ཞུགས་པ་བཀག་ཐུབ་པ་རེད།།




ལོ་ཙཱ། སྐལ་ཐུབ་དང་ཀུན་དགའ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རང་ཁུལ་དར་རྒྱས་ཅུང་ཞན་པའི་རྫོང་ལ་སྲིད་ཇུས་བཟང་པོ་འདི་འདྲ་ཡོད།
  • ལེ་ཚན་རྗེས་མ།:2025ལོར་རང་ཁུལ་གྱིས་ཁྲོམ་རའི་ལྟ་དམ་ལས་དོན་འདི་འདྲ་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10