2025-03-21
སྤྱི་ཟླ3པའི་ཚེས25ཉིན། རོང་བྲག་རྫོང་གིས་ལི་མེ་ཏོག་བསུ་བའི་དུས་སྟོན་འཆར་བ་དང་བསྟུན་ནས། སྤྲོ་སྣང་བོད་གྲོང་དང་ཧ་རྩེ་ཐང་ལྗོངས་ཁུལ་དུ་དཔྱིད་ཀའི་རིག་གནས་ཡུལ་སྐོར་འདུ་ཚོགས་གཟབ་རྒྱས་ཤིག་གཉེར་རྒྱུ་ཡིན་ཞིང་། རྒྱལ་མོ་ཚ་བ་རོང་གི་རིག་གནས་མྱོང་རོལ་དང་རོལ་དབྱངས་སྟོན་ཚོགས། གཟུགས་མེད་རིག་གནས་ཤུལ་བཞག་འདུ་འཚོང་སོགས་ཀྱི་བྱེད་སྒོ་སྣ་མང་བརྒྱུད་དེ། རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་བསུས་ནས་ལི་མེ་ཏོག་གི་མཛེས་ལྗོངས་ལ་མཉམ་དུ་མྱོང་རོལ་དང་། མཛེས་མ་ལུང་པའི་ཐུན་མོང་མ་ཡིན་པའི་ཉམས་དང་བྲོ་བ་ལོངས་སུ་སྤྱད་རྒྱུ་རེད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱལ་རོང་བུ་མོ་ནར་སོན་པའི་ཆོ་ག། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད9པར་སྤྲོ་སྣང་བོད་གྲོང་དུ་རྒྱལ་རོང་གནའ་བོའི་ཐུན་མོང་མ་ཡིན་པའི་བུ་མོ་ནར་སོན་པའི་ཆོ་ག་སྤེལ་རྒྱུ་རེད། རྒྱལ་རོང་བུ་མོ་ནར་སོན་པའི་ཆོ་ག་ནི་ས་གནས་དེ་གའི་ལོ་ངོ་སྟོང་ལ་བརྒྱུད་འཛིན་བྱེད་པའི་མཛད་སྒོ་ཤིག་ཡིན་ཞིང་། དངོས་ལྗོངས་འཁྲབ་སྟོན་བརྒྱུད་དེ་གཞོན་ནུ་ནར་སོན་པའི་འཚར་ལོངས་ལམ་རིམ་བསྐྱར་དུ་མངོན་པ་དང་བསམ་པའི་བརྒྱུད་འཛིན་དང་མི་རིགས་རིག་གནས་ཀྱི་གསོན་ཤུགས་མངོན་པ་རེད། མེ་ཏོག་རྒྱ་མཚོ་འཁྱིལ་བའི་རོལ་དབྱངས་འདུ་ཚོགས། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་ཧ་རྩེ་ཐང་ལི་ནགས་ཚལ་དཔྱིད་དུས་ཀྱི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་ཀྱི་འགོ་བརྩམ་རྒྱུ་ཡིན་པ་རེད། སྐབས་དེར་རོང་བྲག་གི་གླུ་པ་གླུ་མ་གྲགས་ཅན་དང་མཉམ་སྒྲོག་རོལ་དབྱངས་ཚོགས་པས་ལུས་ལ་གཟབ་མཆོར་སྤྲས་ནས་མེ་ཏོག་ཁྲོད་དུ་མི་རིགས་དང་གནའ་བོའི་མཉམ་འདྲེས་རོལ་དབྱངས་དཀྲོལ་ལེན་བྱ་རྒྱུ་རེད། དམངས་ཡོངས་ཀྱི་རོལ་དབྱངས་འདུ་ཚོགས། གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད12པར་དཔྱིད་ཀའི་གྲེ་འགྱུར་བཟང་པོའི་འགྲན་སྟེགས་སུ་ཡུལ་སྐོར་བས་གླུ་ཚོགས་སྙན་མོ་ཞིག་མྱོང་རོལ་ཐུབ་པར་མ་ཟད། དམངས་ཁྲོད་ཀྱི་གླུ་པ་གྲགས་ཅན་གདམ་རྒྱུ། ཆུ་ཚོད13པའིསྐར་མ30ལ་ཡུལ་སྐོར་བ་ཡོངས་ལ་ཕྱོགས་པའི་དཔྱིད་ཀའི་མཛའ་གཞས་འགྲན་སྡུར་སྤེལ་བ་དང་ཆབས་ཅིག་སྟོང་བྲོ་ཡང་འཁྲབ་རྒྱུ་རེད། རོང་བྲག་རྫོང་གི་ཟས་མཆོག་དང་གཟུགས་མེད་རིག་གནས་ཤུལ་བཞག། བྱེད་སྒོའི་ནང་དུ་དཔྱིད་དུས་ཀྱི་ཚོང་འདུས་བཤམས་ཏེ་རོང་བྲག་གི་འཚེམ་དྲུབ་དང་བོད་སྤོས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་གཅིག་བསྡུས་ཐོག་འགྲེམ་སྟོན་བྱ་རྒྱུར་མ་ཟད། ལི་མེ་ཏོག་དང་འབྲེལ་བའི་ཁ་ཟས་ཞིམ་པོ་བཤམ་རྒྱུ་ཡིན་པས་ཡུལ་སྐོར་བ་ཚོས་བོད་ཟས་དང་དུས་ཚིགས་ཀྱི་ཟས་མཆོག་གི་བྲོ་བ་མྱོང་ཆོག་པ་རེད།།
ལོ་ཙཱ། བདེ་ཆེན་དབང་མོ། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10