དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 1 ཉིན་དང་། རེས་གཟའ་མིག་དམར་ཡིན།

བྱ་སྤྱོད་འདི་དག་གིས་མཁལ་མ་ལ་གནོད་པ་བཟོ་བཞིན་འདུག།

        2025-03-21

གཟོབ། བྱ་སྤྱོད་འདི་དག་གིས་མཁལ་མ་ལ་གནོད་པ་བཟོ་བཞིན་འདུག

   མཁལ་མ་ནི་ཁུ་སིམ་མེར་གཟུགས་པོ་སྲུང་སྐྱོབ་བྱེད་མཁན་ཡིན་པའི་ཆ་ནས། དེའི་བདེ་ཐང་ཐད་ཀར་ལུས་ཁམས་ཡོངས་ཀྱི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད།  མཁལ་མས་ལུས་སྟེང་གི་སྙིགས་རྫས་ཕྱིར་གཏོང་དང་། ཆུ་དང་གློག་འབྱེད་རྫས་དོ་མཉམ་སྙོམས་སྒྲིག་བྱེད་པ། ཁྲག་ཤེད་སྙོམས་སྒྲིག་བྱེད་པ། སྐུལ་རྩི་གལ་ཆེན་སྣ་ཚོགས་ཟགས་ཐོན་བྱེད་པ་སོགས་ཁ་རོག་གེར་མིའི་ལུས་ཕུང་གི་ལུས་པོའི་གད་སྙིགས་གཙང་སེལ་བྱེད་ཀྱི་ཡོད། མཁལ་མ་ལ་གནོད་པ་ཐེབས་སྐབས་རྒྱུན་པར་དོ་སྣང་བྱེད་དཀའ་ཞིང་། སྔ་དུས་ཀྱི་ནད་རྟགས་མངོན་གསལ་མིན་པས་ཀུན་གྱིས་སྣང་མེད་དུ་འཇོག་སླ། གནད་དོན་ཡོད་པ་ཤེས་དུས་ཚབས་ཆེན་དུ་གྱུར་ཡོད་ལ། ཡུན་རིང་ལ་སིམ་དབྱེ་བྱེད་པའམ་མཁལ་མ་བརྗེ་བ་སོགས་སྨན་བཅོས་བྱ་དགོས། དེ་ན་མཁལ་མ་སྲུང་སྐྱོབ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་གང་དག་ཡོད་ཅེ་ན། རྨང་གཞིའི་ནད་ཚོད་འཛིན་དང་། ལུགས་མཐུན་གྱི་བཟའ་བཏུང་། འཚོ་བའི་གོམས་གཤིས་བཟང་པོ་ཆགས་རྒྱུ་སོགས་འདུས་ཡོད། ཚང་མས་སེམས་ཆུང་བྱ་དགོས་པ་ཞིག་ལ། དུས་ཡུན་རིང་བོར་གཉིད་ཆག་པ་དང་། རྒྱུན་དུ་མཚན་ཟས་ཟ་བ། གཅིན་བསྲན་ནས་གཉིད་པ་སོགས་མ་གཉིད་གོང་གི་གོམས་གཤིས་ངན་པ་འདི་དག་གིས་ཁྱོད་ཀྱི་མཁལ་མའི་བདེ་ཐང་ལ་གནོད་པ་བྱེད་སྲིད། དེ་ན་དེ་རིང་ནས་བཟུང་གོམས་གཤིས་ངན་པ་འདི་དག་བསྒྱུར་ནས། ཁྱོད་ཀྱི་མཁལ་མ་ལ་སྲུང་སྐྱོབ་ཡག་པོ་གནང་རོགས།  01.ཡུན་རིང་གཉིད་ཆག་པ།  དུས་ཡུན་རིང་བོར་གཉིད་ཆག་ན་མིའི་ལུས་ཕུང་གི་ཕྲ་ཕུང་ལ་རྙོག་དྲ་བཟོས་ནས། ཟགས་ཐོན་དང་རྙིང་ཚབ་གསར་བྱེད་ཀྱི་བྱེད་ལས་རྙོག་འཛིང་དུ་འགྱུར་བ་དང་། ཚོར་འགྲིམ་དབང་རྩ་སྤྲོ་སྣང་ཆེ་དྲགས་པས། ཁྲག་ཤེད་འཕར་ཆག་དང་ཁྲག་ཤེད་མཐོ་བའི་གནད་དོན་འབྱུང་སྲིད། ཁྲག་ཤེད་མཐོ་བའི་གནད་དོན་ནི་མཁལ་མའི་གཅོང་ནད་འབྱུང་བའི་ཉེན་ཁའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། དེ་མིན། གཉིད་ཆག་སྐབས་མིའི་ལུས་ཕུང་གི་བརྗེ་ཚབ་རྒྱས་པ་དང་། ལུས་ཕུང་ལས་བྱུང་བའི་སྙིགས་རྫས་མང་དུ་ཕྱིན་པས། དུག་རྒྱུ་ལུས་ནང་དུ་འདུས་སླ་བས་མཁལ་མའི་བྱེད་ནུས་ལ་གནོད་པ་ཐེབས་སྲིད།

ཐབས་ཤེས་ཡང་དག ཆོས་ཉིད་ལྡན་པའི་ལས་ཀ་དང་ངལ་གསོ་བྱས་ཏེ། ཉིན་རེར་ཆུ་ཚོད་བདུན་ནས་བརྒྱད་བར་གཉིད་ཡག་པོ་ཡོང་བ་ཁག་ཐེག་བྱ་དགོས། གཉིད་ཆག་པ་དང་། དུས་ཡུན་རིང་པོར་ཁ་པར་རྩེ་བའམ་བརྙན་འཕྲིན་ལ་ལྟ་བ་སྤོང་བ།  ཀླད་པར་སྤྲོ་སྣང་ཆེ་དྲགས་ནས་གཉིད་ལ་ཤུགས་རྐྱེན་མི་ཐེབས་པར་བྱ་དགོས། རྐང་པ་སྦངས་པ་དང་། གླུ་དབྱངས་སྙན་མོར་ཉན་པ། དབུགས་འབྱིན་རྔུབ་གཏིང་ཟབ་བཅས་བྱས་ནས། ལྷོད་ལྷོད་ངང་གཉིད་ཡག་པོ་ཡོང་བར་བྱ་དགོས།

02.རྒྱུན་དུ་མཚན་ཟས་ཟ་བ། ཤ་བསྲེག་དང་མེ་ཁོག བྱ་ཤ་སྣུམ་བསྲེག སྟབས་ཐུག་སོགས་ཚྭ་མང་ཞིང་སྣུམ་མང་བའི་མཚན་ཟས་འདི་དག་གིས་ལུས་པོའི་ནང་དུ་ཆུ་ནཱ་བསྡུས་ནས་མཁལ་མའི་བརྗེ་ཚབ་ཀྱི་ཐེག་ཚད་ཇེ་ཆེར་འགྲོ་སྲིད། དུས་ཡུན་རིང་བོར་སྤྲི་དཀར་མཐོ་བ་འབོར་ཆེན་བསྡུ་ལེན་བྱས་ན་མཁལ་མའི་ཁུར་པོ་ཇེ་ཆེར་འགྲོ་བ་དང་། དུས་ཡུན་རིང་བོར་མཁལ་མའི་བྱེད་ནུས་ལ་གནོད་པ་ཐེབས་སྲིད། ཐབས་ཤེས་ཡང་དག དགོང་ཟས་ནི་ཚྭ་ཉུང་བ་དང་། མ་གཉིད་སྔོན་གྱི་ཆུ་ཚོད་གཉིས་ཀྱི་སྔོན་ལ་ཟ་མ་ཟ་མི་རུང་། དངོས་གནས་ལྟོགས་ན་ཀུ་ཤུ་དང་ཡུག་གྲོ་སོགས་བདེ་ཐང་ཟས་རིགས་ཟ་ཆོག 03.ཆུ་མང་དུ་འཐུང་བ། འཐུང་ཆུ་འོས་འཚམ་བྱས་ན་མཁལ་མས་ཕྱིར་གཏོང་བྱེད་པར་ཕན་ཐོགས་ཡོད་མོད། འོན་ཀྱང་ཆུ་འཐུང་མང་དྲགས་ན་ཆུ་བསྡུས་ནས་མཁལ་མའི་ཁུར་པོ་ཇེ་ལྕི་རུ་འགྲོ་སྲིད། མཚན་མོའི་གཅིན་མང་དུ་ཕྱིན་པ་དང་མཚན་མོར་ཐེངས་མང་ཡར་ལངས་དགོས་དུས། གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཏེ། ཁྲག་ཤེད་ལ་འཕར་ཆག་འབྱུང་སྲིད།

ཐབས་ཤེས་ཡང་དག། ཉིན་རེའི་འཐུང་ཆུ་ཧའོ་ཧྲེང་༡༥༠༠ནས་༢༠༠༠བར་ཚོད་འཛིན་བྱས་ནས་ཐེངས་བགོས་ནས་འཐུང་དགོས། དུས་ཡུན་ཐུང་ངུའི་ནང་དུ་ཆུ་འབོར་ཆེན་མི་འཐུང་པར། ཆུ་ཉུང་ཙམ་དང་ཐེངས་མང་འཐུང་ཆོག གཅིན་ཆུ་སེར་སྐྱ་རྒྱུན་འཁྱོངས་བྱས་ན་འགྲིག གཉིད་པའི་སྔོན་གྱི་ཆུ་ཚོད་གཅིག་གི་ནང་དུ་འཐུང་ཆུ་ཧ་ལམ་ཧའོ་ཧྲེང་༡༠༠ཙམ་འཐུང་ན་ཆོག མཚན་མོའི་གཅིན་གྱིས་གཉིད་ལ་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱ་དགོས།

04.གཅིན་བསྲན་ནས་གཉིད་པ། མ་གཉིད་སྔོན་དུ་གཅིན་གཏོང་རྒྱུ་ཡོད་ཀྱང་སྒྱིད་ལུག་གིས་མི་འགྲོ་བ་ཡོད་སྲིད། འོན་ཀྱང་དུས་ཡུན་རིང་བོར་གཅིན་བསྲན་ན་ལྒང་པའི་གནོན་ཤུགས་ཇེ་ཆེར་འགྲོ་བ་དང་། ལྒང་པའི་ལྡེབས་ཀྱི་ཁྲག་རྩ་ལ་གནོན་ཤུགས་ཐེབས་ནས། ལྒང་པའི་འབྱར་སྐྱིར་ཁྲག་ཆད་དང་གཅིན་ལམ་རེད་པ་སློང་སྲིད། ཚབས་ཆེ་བའི་སྐབས་སུ་གཅིན་ཆུ་ལྡོག་རྒྱུག་བྱས་ཏེ། འབུ་ཕྲ་མཁལ་མ་ལ་ལྡོག་འདྲེན་བྱས་ཏེ། མཁལ་ཕོར་མཁལ་ཚད་དང་། ཐ་ན་མཁལ་མ་ཉམས་པའི་གཅོང་ནད་འབྱུང་བའི་ཉེན་ཁ་ཡོད། ཐབས་ཤེས་ཡང་དག། མ་གཉིད་སྔོན་ལ་གཅིན་གཏོང་བའི་གོམས་གཤིས་ཆགས་ནས། གཅིན་དུས་ཡུན་རིང་པོར་བསྲན་མི་ཉན། མ་གཉིད་སྔོན་གྱི་ཆུ་ཚོད་གཉིས་ཀྱི་སྔོན་ལ་འཐུང་ཆུ་འབོར་ཆེན་མི་འཐུང་བ་དང་། མཚན་མོར་ཡར་ལངས་པའི་ཟློས་ཕྱོད་ཉུང་དུ་གཏོང་བ། བུད་མེད་ཚོས་ལྷག་པར་དུ་དོ་སྣང་བྱེད་དགོས་པ་སྟེ། ནང་དོར་ཡང་ཡང་བརྗེ་དགོས་པ་དང་། གསང་གནས་གཙང་མ་རྒྱུན་འཁྱོངས་བྱས་ནས་གཅིན་ལམ་འགོས་ནད་སྔོན་འགོག་བྱ་དགོས།

05.མ་གཉིད་སྔོན་ལ་འགུལ་སྐྱོད་ཛ་དྲག་བྱེད་པ། མི་ལ་ལ་ཞིག་དགོང་མོར་རྒྱུག་པ་དང་ལུས་སྦྱོང་བྱེད་པར་དགའ་མོད། འོན་ཀྱང་མ་གཉིད་སྔོན་ལ་འགུལ་སྐྱོད་དྲག་པོ་བྱས་ན་ཚོར་འགྲིམ་དབང་རྩ་སློང་ཞིང་ཁྲག་ཤེད་ཇེ་མཐོར་སོང་ནས་མཁལ་མའི་ཁྲག་རྒྱུན་ལ་ཤུགས་རྐྱེན་ཐེབས་སྲིད། དེ་དང་མཉམ་དུ། འགུལ་སྐྱོད་དྲག་པོ་བྱས་རྗེས་བྱུང་བའི་རྙིང་ཚབ་གསར་བྱེད་སྙིགས་རྫས་འོ་སྐྱུར་དང་གཅིན་རྒྱུ་ཏན་སོགས་མང་དུ་ཕྱིན་ནས་མཁལ་མའི་ཁུར་པོ་ཇེ་ལྕི་རུ་འགྲོ་གི་ཡོད། དེ་མིན།  གློད་པའི་ཤ་དམར་སྤྲི་དཀར་གྱིས་མཁལ་མའི་སྦུ་གུ་བཀག་པས། མྱུར་གཤིས་མཁལ་མར་གནོད་སྐྱོན་འབྱུང་སྲིད། ཐབས་ཤེས་ཡང་དག།

མ་གཉིད་སྔོན་ལ་དྲག་ཚད་མཐོ་བའི་འགུལ་སྐྱོད་མི་བྱེད་པར། ཡོ་ག་དང་བརྐྱང་བསྐུམ། འཆམ་འཆམ་སོགས་ཡང་བའི་འགུལ་སྐྱོད་འདེམས་ན་གཉིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་ཐུབ། འགུལ་སྐྱོད་བྱས་རྗེས་གལ་ཏེ་གཅིན་ཆུ་ཇ་གར་པོ་ལྟ་བུར་གྱུར་ན། འཕྲེད་རིས་ཤ་ཤའི་ཞུ་འབྱེད་ལ་དོགས་ཟོན་བྱས་ཏེ། མྱུར་དུ་སྨན་བཅོས་བྱ་དགོས། མཁལ་ནད་མང་པོ་ཞིག་དོ་སྣང་མ་བྱས་པར་བཞག་ནས་ཐོན་པ་ཡིན་ལ། ནད་རྟགས་མངོན་གསལ་དོད་པོ་བྱུང་ཚེ། རྒྱུན་དུ་ཚབས་ཆེ་རུ་འགྲོ་གི་ཡོད། དེར་བརྟེན། དོ་དགོང་ནས་བཟུང་མཁལ་མར་གནོད་པའི་གོམས་གཤིས་དེ་དག་དང་ཁ་བྲལ་ནས་མཁལ་མ་བག་ཕེབས་ཡོང་བར་འབད། དུས་བཀག་ལྟར་ཚགས་བརྟག་བྱ་དགོས། ལོ་ལྟར་ཉུང་མཐར་ཡང་གཅིན་གྱི་རྒྱུན་སྲོལ་དང་ཁྲག་ཤའི་ཀན་དང་མཁལ་མ་སྒྲ་བརྒལ་བརྟག་དཔྱད་ཐེངས་གཅིག་བྱ་དགོས། ཚན་རིག་དང་མཐུན་པའི་སྨན་སྤྱད་དགོས། ན་ཟུག་འཇོམས་པའི་སྨན་དང་། དུག་སྲིན་འགོག་སྨན། མ་ཏུའུ་ལིན་སྐྱུར་འདུས་པའི་ཀྲུང་ལུགས་སྨན་རྫས་གང་བྱུང་དུ་སྤྱད་མི་རུང་། སྦྲང་ཚོད་འཛིན་དང་ཁྲག་ཤེད་ཇེ་དམའ་རུ་གཏོང་དགོས། གཅིན་སྙི་དང་ཁྲག་ཤེད་མཐོ་བའི་ནད་ནི་མཁལ་མའི་གཅོང་ནད་འབྱུང་བར་རམ་འདེགས་བྱེད་མཁན་ཡིན་པས་གཟབ་དགོས།

ཡོང་ཁུངས། བདེ་ཐང་ཀྲུང་གོ། རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།

  • ལེ་ཚན་སྔོན་མ།:ཁ་པར་སྔས་འགྲམ་དུ་བཞག་ནས་ཉལ་ན་ཉེན་ཁ་ཆེན་པོ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10