2025-03-25
སྤྱི་ཟླ3པའི་ཚེས16ཉིན་ནས་བཟུང་སེར་ཤུལ་རྫོང་གི་མངའ་ཁོངས་སུ་ཁ་ཆེན་བབས་པས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དུ་ཁ་བ་བསགས་ནས་ཆབ་རོམ་ཆགས་པས་འགྲོ་ལམ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས། སེར་ཤུལ་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱིས་མྱུར་དུ་ཁ་བ་གཙང་སེལ་དང་བགྲོད་སྐྱོད་འགན་ལེན་གྱི་འཕྲལ་ཆས་སྔོན་ཇུས་ལག་བསྟར་བྱས་ནས་བགྲོད་ལམ་བདེ་འཇགས་ལ་འགན་ལེན་བྱས་ཡོད་པ་རེད།
སེར་ཤུལ་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱི་ཁོངས་མི་ཚང་མ་ལས་གནས་སུ་བསྐྱོད་ནས་ཉིན་རེའི་ཞོགས་པ་དང་། ཉིན་གོང་། དགོང་མོ་བཅས་ལ་སྐོར་ཞིབ་ཐེངས་གསུམ་བྱེད་པའི་རྨང་གཞིའི་ཐོག་ཁ་བ་འབབ་པའི་སྔ་ཕྱི་ཚང་མར་སྐོར་ཞིབ་བླང་བྱ་དོན་འཁྱོལ་བྱས་ནས་ཁ་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ་རེད།
མིག་སྔ་བར་ཁྱོན་ལས་སྒྲུབ་མི་གྲངས110ལྷག་གིས་སྐོར་ཞིབ་རླངས་འཁོར། གངས་སེལ་རླངས་འཁོར་སོགས་ཁ་བ་འབབ་པའི་ཡུལ་དངོས་སུ་ཆས་ནས་འདྲེད་འགོག་བྱེ་མ་བཏིང་བ་དང་ཁ་བ་ཞུ་བའི་རྫས་སོགས་སྤྱད་ནས་རླངས་འཁོར20ལྷག་ལ་རོགས་སྐྱོབ་བཅས་བྱས་པ་དང་། ལས་སྒྲུབ་མི་སྣས་ཐོག་མའི་བསམ་བློ་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་བློ་གཅིག་སེམས་གཅིག་གིས་འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པ་རྣམས་ལ་དཀའ་གནད་ཐག་གཅོད་བྱས་ནས་ལས་དོན་ཁག་ཏན་ཏིག་དང་ཞིབ་ཕྲ་བསྒྲུབས་ཏེ་དོ་དམ་བྱེད་ཁོངས་ཀྱི་ལམ་དུམ་བུར་བདེ་འཇགས་ངང་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱས་ཡོད་པ་རེད།
གསར་འགོད་པ། དཔལ་བཟང་།
རྩོམ་སྒྲིག་པ། ཡེ་ཤེས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10