ལི་ཐང་མཁར་སྐྱ་སྡེ་བར་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྤེལ།

        2025-04-10

ཉེ་ཆར། ལི་ཐང་རྫོང་མོ་ལ་གྲོང་རྡལ་མཁར་སྐྱ་སྡེ་བར་ཁོར་ཡུག་སྲུང་སྐྱོང་དང་གཙང་སྦྲའི་སྟོབས་ཤུགས་གཙོ་དོན་དུ་བྱས་པའི་བྱེད་སྒོ་སྤེལ་ནས་གྲོང་གསེབ་ཀྱི་རྣམ་པ་ལ་འགྱུར་ལྡོག་བཏང་། སྡེ་མི་ཆོས་སྐྱིད་ཀྱིས་སྔོན་ཆད་ཁྱིམ་གྱི་གད་སྙིགས་གང་སར་འཕངས་པས་སྒོ་རའི་ནང་དུ་གད་སྙིགས་ཀྱིས་གང་ཡོད་ལ། ད་ལྟར་འབར་ཐུབ་པའི་གད་སྙིགས་མེར་སྲེག་པ་གད་སྙིགས་གཞན་པ་ཚང་མ་གཅིག་སྡུད་སྙིགས་ཟོམ་དུ་འཕེན་ཆོག་པས་སྒོ་རའི་འཁོར་ཡུག་སོགས་གཙང་དྭངས་སེ་ཡོད་པས་སེམས་ཁམས་སྐྱིད་པོ་བྱུང་ཡོད་ཅེས་དགའ་སྤྲོའི་ངང་བཤད།    སྔོན་ཆད་གད་སྙིགས་གཙང་སེལ་ནི་མཁར་སྐྱ་སྡེ་བའི་དཀའ་གནད་ཆེན་པོ་ཞིག་ཡིན་ལ། གྲོང་ཚོའི་ནང་གད་སྙིགས་སྤུངས་ཡུལ་ཞིག་ཡོད་རུང་། རླུང་ཆེན་གཡུག་སྐབས་གད་སྙིགས་གང་སར་གཏོར་བས་འཁོར་ཡུག་འབག་བཙོག་ཏུ་བཏང་བར་མ་ཟད་འགྱིག་ཁུག་དང་ཤོག་སྙིགས་མང་པོ་ཕྱུག་ཟོག་གིས་ཟོས་ནས་ཤི་བ་སོགས་དཔལ་འབྱོར་གྱིས་གྱོང་གུན་དང་ཡུལ་མིའི་བདེ་ཐང་ལ་གནོད་པ་ཐེབས་ཡོད་པ་རེད།    དཀའ་གནད་འདི་དག་སེལ་ཆེད། མཁར་སྐྱ་སྡེ་བའི་བཅའ་སྡོད་ལས་དོན་རུ་ཁག་གིས་མངའ་ཁུལ་གཏན་སྡོད་གྱི་ཞིང་པ་དུད་ཚང32ལ་གད་སྙིགས་སྲེག་ཟོམ་སྤྲད་པ་དང་། གད་སྙིགས་སྲེག་ཟོམ་འདིས་འབར་ཐུབ་པའི་གད་སྙིགས་གཅིག་སྡུད་བྱས་ནས་སྲེག་ཐུབ་པར་མ་ཟད་གད་སྙིགས་ཀྱི་བོངས་ཚད་ཇེ་ཆུང་དུ་གཏང་ཐུབ། ནམ་རྒྱུན་ཤོག་བུ་བེད་མེད་དང་། རྩྭ་སྐམ། གྱོན་ཆས་རྙིང་པ་སོགས་འབར་ཐུབ་པའི་གད་སྙིགས་ཚང་མ་སྙིགས་ཟོམ་འདིས་སྲེག་ཐུབ་པས་གད་སྙིགས་གང་བྱུང་དུ་གཡུགས་པའི་སྣང་ཚུལ་ལེགས་བཅོས་ཐུབ་ཡོད་པ་རེད།     ལི་ཐང་རྫོང་མོ་ལ་གྲོང་རྡལ་མཁར་སྐྱ་སྡེ་བའི་བཅའ་སྡོད་ཧྲུའུ་ཅི་འཆི་མེད་རྣམ་རྒྱལ་གྱིས་རྗེས་མར་ང་ཚོས་ད་དུང་སྔར་ལས་ཚན་རིག་དང་མཐུན་པ་དང་ཁོར་ཡུག་སྲུང་སྐྱོང་གི་གད་སྙིགས་གཙང་སེལ་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱ་དགོས། ཡུལ་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གྲོང་གསེབ་གྱི་གནམ་སྔར་བས་སྔོ་ཞིང་། ཆུ་སྔར་བས་དྭངས་བ། ས་ཞིང་སྔར་བས་གཙང་བ་བཅས་བྱས་ཏེ། མཁར་སྐྱ་སྡེ་བ་སྔར་ལས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཞིག་ཏུ་བསྐྲུན་དགོས་ཞེས་བཤད།     ལོ་ཙཱ། ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་ཁ་བའི་ཁྲོད་དུ་འགྲོ་ལམ་བདེ་འཇགས་ལ་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།