2025-04-10
དཀར་མཛེས་ཁུལ་དུ་རྒྱལ་ནང་གི་མཚོ་འཕགས་མཐོ་ཤོས་ཀྱི་རྡོ་ཆས་རྙིང་པའི་བྲག་བརྐོས་རི་མོ་སྐོར་ཞིག་གསར་རྙེད་བྱུང་བས་མཚོ་བོད་མཐོ་སྒང་གི་འགྲོ་བ་མིའི་སྒྱུ་རྩལ་བྱེད་སྒོའི་ལོ་རྒྱུས་གསར་པ་འབྲི་ཡང་སྲིད། ཉེ་ཆར། 《དཀར་མཛེས་བྲག་བརྐོས་རི་མོ》ཞེས་པའི་རིག་གཞུང་ཆེད་རྩོམ་པར་སྐྲུན་བྱས་པ་དང་བསྟུན་ནས། ཀྲུང་གོའི་སྒྱུ་རྩལ་ལོ་རྒྱུས་བསྒྱུར་འབྲི་བྱེད་པའི་གནའ་རྫས་རྟོག་ཞིབ་གསར་རྙེད་བྱུང་། དེ་ནི་མཚོ་འཕགས་སྨི4721ཡོད་པའི་ལི་ཐང་རྫོང་གི“མཚོ་ལ་དང་དགེ་བསྙེན”ས་ཁོངས་སུ་གནའ་རྫས་རྟོག་ཞིབ་པས་ལོ་ངོ8000ཡར་སྔོན་གྱི་རྡོ་ཆས་རྙིང་པའི་དུས་སྐབས་ཀྱི་བྲག་བརྐོས་རི་མོ་སྐོར་ཞིག་ཡིན་པ་གཏན་འཁེལ་བྱས། ཀྲུང་གོ་ཚན་རིག་ཁང་གིས་ལོ་འཇལ་དང་རྡོ་ཆས་རྙིང་པའི་ཡོ་བྱད་ཀྱིས་ར་སྤྲོད་བྱས་པ་བརྒྱུད། བྲག་བརྐོས་རི་མོ་སྐོར་དེ་རྒྱལ་ནང་གི་མཚོ་འཕགས་མཐོ་ཤོས་ཀྱི་རྡོ་ཆས་རྙིང་པའི་བྲག་བརྐོས་རི་མོའི་ལྷག་འཕྲོ་ཞིག་ཡིན་པས་མཚོ་བོད་མཐོ་སྒང་གི་འགྲོ་བ་མིའི་སྒྱུ་རྩལ་བྱེད་སྒོའི་ལོ་རྒྱུས་འཕེལ་རྒྱས་འགྲོ་བ་དང་ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་ལ་འགག་རྩའི་དངོས་དཔང་མཁོ་སྤྲོད་བྱས། “མཚོ་ལ་དང་དགེ་བསྙེན་བྲག་བརྐོས་རི་མོ་སྐོར་གྱི”རྗེས་ཤུལ་དང་པོ། ཐེངས་འདིའི་གསར་རྙེད་ནི2023ལོར་སྤེལ་འགོ་བཙུགས་པའི“དཀར་མཛེས་ཁུལ་གྱི་གནའ་བོའི་བྲག་བརྐོས་རི་མོའི་བརྟག་དཔྱད་ཞིབ་འཇུག་རྣམ་གྲངས”ལས་བྱུང་བ་རེད། ཀྲུང་དབྱང་མི་རིགས་སློབ་ཆེན་དང་དཀར་མཛེས་ཁུལ་མཉམ་འབྲེལ་ཚོགས་པས་ལི་ཐང་རྫོང་གི་མཚོ་འཕགས་སྨི3575ནས་སྨི4721བར་གྱི་ས་བབ་མཐོ་བའི་ས་ཁོངས་སུ་རྒྱུད་རིམ་ལྡན་པའི་བརྟག་དཔྱད་བྱས་ནས་བྲག་བརྐོས་རི་མོ70ལྷག་ཙམ་གསར་དུ་རྙེད་པ་ལས“མཚོ་ལ་དང་དགེ་བསྙེན་བྲག་བརྐོས་རི་མོ་སྐོར་ལ”མི་ཀུན་གྱིས་དོ་སྣང་ཆེན་པོ་བྱས། ཚན་རིག་དང་མཐུན་པའི་ལོ་ཚད་འཇལ་བ་བརྒྱུད་བྲག་བརྐོས་རི་མོ་སྐོར་དེའི་ལོ་རབས་སྔ་ཤོས་ལོ8000ཡན་ལ་ཟིན་པ་དེ་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་ནས་ཤེས་རྟོགས་བྱུང་པའི་བྲག་བརྐོས་རི་མོའི་ལོ4000ཡི་ལོ་རྒྱུས་ལས་བརྒལ་ཡོད་པ་རེད། 2024ལོའི་ལོ་མཇུག་ཏུ། ཡུལ་དངོས་ནས་ཐོན་པའི་རྡོ་ཆས་རྙིང་པའི་གཞོག་ཆས་དང་རྩེ་རྣོ་ཡོ་ཆས་སོགས་ཡོ་བྱད་ཀྱིས་རྡོ་ཆས་རྙིང་པའི་དུས་རབས་ལ་གཏོགས་པར་ར་སྤྲོད་བྱས། རིག་གཞུང་ཆེད་རྩོམ《དཀར་མཛེས་བྲག་བརྐོས་རི་མོ།》 ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་གོའི་བྲག་བརྐོས་རི་མོ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་ཀྲང་ཡ་ཧྲ་ཡིས་ད་ཐེངས་གསར་རྙེད་བྱུང་བ་དེས་མཚོ་བོད་མཐོ་སྒང་ཤར་རྒྱུད་ཀྱི་རྡོ་ཆས་རྙིང་པའི་བྲག་བརྐོས་རི་མོའི་སྟོང་ཆ་ཁ་སྐོང་བྱས་པར་མ་ཟད། རིག་གཞུང་ལས་རིགས་ཀྱི་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོའི་ཁྱབ་ཁོངས་ཀྱི་སྲོལ་རྒྱུན་ཤེས་རྟོགས་ལ་ཐོད་བརྒལ་གསར་པ་བྱུང་། བྲག་བརྐོས་རི་མོ་དེ་དག་ནི་ཚོན་རྫས་དམར་པོས་བྲིས་ཡོད་པའི་ཤྭ་བ་རྭ་ཆེན་དང་གནའ་བ། ཅ་ལག་བཟུང་བའི་མི་སོགས་ཀྱི་རི་མོ་གཙོ་བོ་ཡིན་པས། གནའ་མིས་རང་བྱུང་ཁམས་ལ་ལྟ་ཞིབ་བྱེད་པ་དང་བསམ་པའི་འཇིག་རྟེན་གྱི་ལྟ་སྟངས་མངོན་ཡོད་པ་རེད་ཅེས་བཤད། “མཚོ་ལ་དང་དགེ་བསྙེན་བྲག་བརྐོས་རི་མོ་སྐོར་གྱི”རྗེས་ཤུལ་གཉིས་པ། “མཚོ་ལ་དང་དགེ་བསྙེན་བྲག་བརྐོས་རི་མོ་སྐོར་གྱི”རྗེས་ཤུལ་གསུམ་པ། དཀར་མཛེས་ཁུལ་བྲག་བརྐོས་རི་མོའི་ཐོན་ཁུངས་ཀྱི་མ་ལག་རང་བཞིན་གྱི་ཞིབ་འཇུག་དེ2016ལོར་སེར་ཤུལ་རྫོང་ཐང་བོད་གནའ་ལམ་རྡོ་བརྐོས་རིག་གནས་གླེང་སྟེགས་ནས་འགོ་བཙུགས། སྐབས་དེར་ཕོ་བྲང་རྙིང་མའི་དངོས་མང་བཤམས་སྟོན་ཁང་དང་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རིག་པ་ཁང་སོགས་ལས་ཁུངས་ཀྱིས་སེར་ཤུལ་རྫོང་དུ་གནའ་བོའི་བྲག་བརྐོས་རི་མོ་ཡོད་པ་ཐོག་མར་གཏན་འཁེལ་བྱས། 2019ལོ་ནས་བཟུང་ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་སྐུལ་སློང་བྱས་ནས་བྲག་བརྐོས་རི་མོའི་ཁུངས་སྣེ་བསྡུ་རུབ་བྱས་པས་མཚོ་འཕགས་སྨི3500ཡན་གྱི་བྲག་ངོས་དང་བྲག་ཕུག་རི་མོ་འབོར་ཆེན་སྔ་རྗེས་སུ་རྙེད་པ་རེད། འོན་ཀྱང་ཆེད་ལས་ལག་རྩལ་སྟོབས་ཤུགས་ཞན་རྐྱེན་ཐོན་ཁུངས་དེ་དག་ཡུན་རིང་པོར་ཚན་རིག་གིས་ངོས་འཛིན་ཐུབ་མེད། ཐེངས་འདིར《དཀར་མཛེས་བྲག་བརྐོས་རི་མོ》པར་སྐྲུན་བྱས་པ་དེས་དཀར་མཛེས་ཁུལ་གྱི་བྲག་བརྐོས་རི་མོ་ཞིབ་འཇུག“གསར་རྙེད”ནས“རིན་ཐང་འགྲེལ་བཤད”ཀྱི་དུས་མཚམས་སུ་བསྐྱོད་པ་མཚོན། “མཚོ་ལ་དང་དགེ་བསྙེན་བྲག་བརྐོས་རི་མོ་སྐོར་གྱི”རྗེས་ཤུལ་བཞི་པ། བྲག་བརྐོས་རི་མོ་རྩ་ཆེན་དེ་དག་ལ་དཀར་མཛེས་ཁུལ་གྱིས་སྲུང་སྐྱོང་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བཞིན་ཡོད། གསར་འགོད་པས་དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་དཀར་མཛེས་ཁུལ་གྱིས“མཚོ་ལ་དང་དགེ་བསྙེན་བྲག་བརྐོས་རི་མོ་སྐོར”དེ་དགེ་བསྙེན་ཡུལ་སྐོར་ཁུལ་གྱི་རིག་གནས་འགྲེམས་སྟོན་མ་ལག་ནང་བཅུག་ནས་རིག་གཞུང་གྲུབ་འབྲས་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སུ་འགྱུར་བར་སྐུལ་འདེད་གཏང་རྩིས་ཡོད་པ་རེད།། “མཚོ་ལ་དང་དགེ་བསྙེན་བྲག་བརྐོས་རི་མོ་སྐོར་གྱི”རྗེས་ཤུལ་ལྔ་པ། ལོ་ཙཱ། རྟ་མགྲིན་རྡོ་རྗེ། རྩོམ་སྒྲིག་པ། རྟ་མེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10