ཁ་དོག་བོར་བའི་ཡིག་འཕྲིན།

ལྡོང་འཇིགས་སྲས།        2023-12-25

ཆུ་ཡིས་ཕ་མཐའ་ཆོད་པའི་རྒྱང་རིང་གི།

མཛའ་བརྩེ་འོ་མས་གསོས་པའི་མེ་ཏོག་མ།།

དང་མ་དགའ་འདྲེས་སྤང་ལ་བཞད་པ་ཡི།།

སྒྱུ་མའི་རྟ་ལ་ཞོན་པའི་བཞིན་ཡག་མ།།

ན་ཆུང་སྣང་བ་བྱ་གླག་གཤོག་ཐོགས་བཞིན།།

ཡ་གུས་གནམ་དང་འདྲེས་པའི་སེམས་ཕུག་ལ།།

ཞེན་ཆགས་ཀླུང་གི་དྲན་པ་དགོད་བྲོ་བའི།།

ལོ་རྒྱུས་འཇའ་ལྟར་ཡལ་བའི་རི་མོ་མཛེས།།

དེ་དུས་སྐར་ཚོགས་ཁྲོད་ཀྱི་བཞིན་ཡག་མ།།

སྦྲང་མ་ཁྲི་ཡི་མཛའ་བརྩེ་རྐུ་མཁས་མ།།

ད་དུས་རྒྱང་ལ་འཕུར་བའི་གཤོག་ལྡན་མ།།

རེ་ཆད་ནང་གི་ཁྲུང་ཁྲུང་ལྷོ་བཞུད་མ།།

བསླུ་བྲིད་ཚིག་གི་བཤད་ཡམས་གནང་མཁས་མ།།

བྱ་བྱེད་ལས་ཀྱིས་ནོམ་པ་སྟོན་མཁས་མ།།

རྒྱལ་ཁམས་རིག་པས་བསྐོར་བའི་དགོད་མཛེས་མ།།

མཛའ་བརྩེ་ལྷད་མེད་ཆགས་པའི་གཤོག་ལྡན་མ།།



  • ལེ་ཚན་སྔོན་མ།:བརྩེ་དུང་ཟེར་བ་དཀའ་མོ་ཞིག།
  • ལེ་ཚན་རྗེས་མ།:རུལ་དྲི་འཐུལ་བའི་མེ་ཏོག