ལུ་ལུམ་སྨན་ལྷ། 2023-12-27
ཀ་བུམ་ཡོད་མེད་ཆོས་ཅན་བཞག་སྟེ་ཀི་རིང་མོད་པའི་རྩོད་གྲྭ་ན།།
ཁ་དོག་དཀར་དམར་བསྒྲུབ་བྱར་བྱས་ནས་ཁུ་བྱུག་མགྲིན་པའི་གྲེ་འགྱུར་གྱི།།
ག་ས་གང་དུ་རྩོད་པའི་ཡོ་ལངས་གེ་སར་དཔའ་ལྟར་གཟེངས་མཐོ་བའི།།
ང་ཡི་སྙིང་གི་ཕུ་བོ་དམ་པ་ངོ་ཤེས་ལས་སྐལ་བཟང་ཞེས་བསྟོད།།
ཅ་ཅོ་མོད་པའི་སྡེ་གྲོང་དག་ཏུ་ཅི་བྱུང་སྣང་བ་བྱུང་རྒྱལ་གྱིས།།
ཆ་ལུགས་བདག་མེད་ཡན་པོར་བཏང་སྟེ་ཆུ་ཕོར་ཆང་དམ་མ་བསྐྱོར་དེ།།
ཇ་ཡུན་ཙམ་ཀྱང་གཡེང་ལ་མ་བསྐུར་ཇེ་ལེགས་འཕེལ་རྒྱས་བརྩོན་པས་བསྣུན།།
ཉ་ཉོག་གཏམ་གྱི་འཇིག་རྟེན་མ་བསླུས་ཉོབ་བེ་མ་བཞུགས་འགྲིགས་སོང་ཞུ།།
ཏ་ལར་བྲིས་པའི་གསང་ཆོས་དགོངས་དོན་ཏི་ཚ་ཅི་བཞིན་མཁྲེགས་ན་ཡང་།།
ཐ་སྙད་ཚིག་དང་དོན་དམ་གནད་ཀྱི་ཐུབ་དབང་གསུང་རབ་མ་འདྲེས་བཀླགས།།
ད་བར་རྒྱལ་བསྟན་ཉི་འོད་ཉམས་ཚེ་དེ་འདྲའི་རྣམ་དཔྱོད་ཤིན་ཏུ་དཀའ།།
ན་གཞོན་རེ་བའི་མཐོ་སར་འགྲེངས་ཁྱེད་ནོར་བུ་གྱུར་པས་ཡག་ཅེས་བསྔགས།།
པ་ཏྲ་ཇི་བཞིན་ཉོག་གྲ་རྫོབ་པའི་པིར་ཐོགས་ན་གཞོན་བདོ་ན་ཡང་།།
ཕ་མེས་བརྒྱུད་པའི་རིགས་གཞུང་ནང་སྙིང་ཕུ་ཐག་ཆོད་པའི་གཞོན་པ་དཀོན།།
བ་གམ་ལྟ་བུའི་རང་གཞུང་རྒྱ་ཕིབས་བེ་རིའི་རྣམ་དཔྱོད་རྩེ་མོ་རུ།།
མ་ཚང་བཀྲ་བའི་རིག་པའི་བུ་ཁྱེད་མོ་ཕྱྭའི་གཡང་དུ་གྱུར་ཞེས་བསྙད།།
ཙ་རི་གནས་ལྟར་ངེས་མེད་རྒྱལ་ཁམས་ཙི་གུའི་ཚུལ་བཞིན་དལ་མེད་འགྲིམས།།
ཚ་གྲང་དཀའ་བའི་གཏམ་རྒྱུད་མཐའ་དག་ཚུ་ལུར་བྱས་ཏེ་ཁོག་ཏུ་མིད།།
ཛ་ཡའི་བཀའ་ལུང་གསེར་གྱི་ཡིག་འབྲུ་ཛེ་ཏེའི་ཚལ་བཞིན་ཉམས་དགའ་བར།།
ཝ་ལེར་རིག་པས་བརྟགས་གྲངས་མང་བས་ཝོ་བརྒྱལ་བྱུང་ཞེས་ངག་ཏུ་ཐོལ།།
ཞྭ་ལྟར་སྤྱི་གཙུག་རྒྱན་དུ་འཁོད་ཀྱི་ཞི་ལུ་རྐྱལ་སྟོང་རེ་འགའི་ཚུལ།།
ཟ་མ་འགྲངས་ཙམ་ཕོ་བར་ཐོན་རྗེས་ཟུ་ལུམ་སྨྲ་ལ་མི་ཁྲེལ་བར།།
འ་ཅག་མེས་པོས་མཛད་རྗེས་ནོག་སྐད་འུད་གཏམ་རི་ལུང་མ་སྤེལ་ནས།།
ཡ་རབས་མི་ཆོས་སྲོག་ཏུ་བལྟ་བའི་ཡོ་བྱད་ལྡན་པས་འགྲིགས་སོང་ཞུ།།
རྭ་ཅོའ་ལྟ་བུའི་རྣོ་དབལ་རེ་རེའི་རི་རབ་ལྟ་བུའི་མྱི་སེམས་ཀྱང་།།
ལ་མོར་འབུགས་པའི་ངང་ཚུལ་འདི་ཀོ་ལུ་གུ་རྒྱུད་དུ་འབབ་ངེས་པས།།
ཤ་ཁྲག་གནང་བའི་ཕ་མ་སྤུན་གཙོས་ཤེལ་དཀར་ལྟ་བུའི་བསམ་བཟང་ཚོའི།།
ས་ལུང་བཀང་བའི་རེ་བ་མ་བརླགས་བསོད་ནམས་རྒྱས་པའི་རྟགས་རེད་ཞུ།།
ཧ་ལམ་ཐལ་བའི་མཐའ་ལ་ལྷུང་བའི་ཧོབ་བཤད་བགྱིས་པ་ཅང་མེད་ལ།།
ཨ་མཚར་ཚིག་གིས་ཀུ་རེ་མ་བརྩེས་ཨེ་མ་ཅུང་ཟད་སླད་མེད་འདི།།
ཨ་ཅག་ཁྲེལ་བའི་རྒྱུར་ཡང་བླ་སྟེ་ཨུ་ཚུགས་ངག་གིས་མི་སྡོམ་པས།།
ཧ་ཅང་སེམས་སུ་ཁྱེད་ཉིད་འཕྲོད་ཚུལ་ཧི་མ་ལ་ནས་བྲིས་པ་དགེ།
རྩོམ་གསར། 10