དུས་བཞིར་ཨ་མ་དྲན།

ཞུམ་མེད་ར་མདའ།        2023-12-26

དཔྱིད་ཀྱི་དུས་འདིར་ཨ་མ་དྲན།

ཤང་ཤང་དལ་འགྲོས་གཏི་མུག་ཡོངས་སྤངས་ཏེ། །

དགུན་གསུམ་ཉལ་བའི་སྐྱེ་དངོས་མལ་ལས་དཀྲོག །

ཁམ་བུའི་མེ་ཏོག་ཁྲ་ཆིལ་བཞད་དུས་འདིར། །

སོན་འདེབས་ལས་ལ་བྲེལ་བའི་ཨ་མ་དྲན། །

དབྱར་གྱི་དུས་འདིར་ཨ་མ་དྲན།

ལྡིར་ལྡིར་འབྲུག་སྒྲས་ཆར་གྱི་གསོལ་སྟོན་བཤམ། །

ནོར་འཛིན་དགའ་མས་ལྗང་མདོག་ན་བཟའ་བཀླུབས། །

དབྱར་དུས་གླིང་ཁ་གཏོང་བའི་དུས་བཟང་འདིར། །

ལས་བྲེལ་རྔུལ་ཆུས་བརླན་པའི་ཨ་མ་དྲན། །

སྟོན་གྱི་དུས་འདིར་ཨ་མ་དྲན།

བསིལ་བསིལ་སྟོན་གྱི་དྲི་བཞོན་དལ་བུར་ལྡང་། །

ནོར་འཛིན་མ་ལུས་གསེར་མདོག་རྒྱན་ཆ་སྤྲས། །

མུ་མེད་ཞིང་ཐང་སྙེ་མ་རྒས་དུས་སུ། །

བརྔ་བསྡུའི་ལས་ལ་བྲེལ་བའི་ཨ་མ་དྲན། །

དགུན་གྱི་དུས་འདིར་ཨ་མ་དྲན།

འུར་འུར་གྲང་རླུང་ངར་མ་ལྡང་བའི་དགུན་དུས་སུ། །

ཉམ་ཐག་བུ་ཆུང་གྲང་རེག་བཟོད་དཀའ་བས། །

འཇིག་རྟེན་དྲོད་སྣང་སྟོངས་པའི་དུས་ཚིགས་འདིར། །

ལྕགས་ཐབ་འགྲམ་གྱི་བལ་འཁེལ་ཨ་མ་དྲན། །



  • ལེ་ཚན་སྔོན་མ།:ནུ་ཞོ་དཀར་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།