ཞི་ཅིན་ཕིང་གི“ཞིང་གསུམ”ལས་ཀའི་མཛུབ་སྟོན་ལ་ལན་ཆ་བཟང་པོ་བྱུང་བ།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2023-12-26

    ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་དེ་ཚེས19ཉིན་ནས་ཚེས20ཉིན་བར་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། 

     རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གང་ལེགས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ་བཅས་བྱས་ཐོག གྲོང་གསེབ་ཀྱི་ཁྱོན་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱེད་སར་བརྩིས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་བཏང་སྟེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། 

     འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ནི“ཞིང་གསུམ”ལས་དོན་གྱི་དོན་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་གཉིས་ལ་འགན་འཁྲི་གཅིག་མཚུངས་ཡོད་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་བརྟན་པོ་དང་མུའུ་རྐྱང་པར་ཐོན་འཕར་ཡོང་རྒྱུ་གཉིས་ཀར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད།

     ཅི་ལིན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་འདེབས་འཛུགས་ལས་རིགས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཡུང་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ནས། ཅི་ལིན་ཉིད་ཞིང་ལས་ཞིང་ཆེན་ཆེ་གྲས་དང་འབྲུ་རིགས་ཞིང་ཆེན་ཆེན་པོ་ཡིན་པའི་བཟང་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན། “འབྲུ་རིགས་ས་ཞིང་ལ་བརྟེན་པ་དང་། འབྲུ་རིགས་ལག་རྩལ་ལ་བརྟེན་པའི”འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “འབྲུ་རིགས་སྤུས་ལེགས་རྒྱ་མ་དུང་ཕྱུར་སྟོང”གི་ཐོན་སྐྱེད་ལས་གཞིར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། འདོལ་ཞིང་བསྐྲུན་པ་དང་སོན་བཟང་གསོ་བ། ཞིང་འཕྲུལ་སྟོབས་ཆེར་གཏོང་བ་དང་ཞིང་ལས་ལག་རྩལ་ལ་སྐུལ་འདེད་གཏོང་བ། གཞི་ཁྱོན་བརྟན་པོ་ཡོང་བ་དང་མུའུ་རྐྱང་པའི་ཐོན་ཚད་བརྟན་པོ་ཡོང་བ་བཅས་ཀྱི་ཐོག་ནས། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་དང་ཅི་ལིན་གྱི་འགན་འཁྲི་འཁུར་ཤུགས་མཚོན་པའི་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་ཐོན་ལས་དར་རྒྱས་གཏོང་རྒྱུར་ཐུག་ཡོད། “ཀྲུང་ཡོན་ཚལ་གྲོང”ཞེས་སུ་འབོད་པའི་ཧོ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཧྥུ་ཀོའུ་རྫོང་དུ། སྔོ་ཚལ་དྲོད་ཁང་ཆེན་མོའི་ནང་ནས་འཐུས་ཚར་མ་ཐག་པའི་ཧོང་ཀ་དང་ཀྲོ་མ་ཀྲུ་སོགས་སྔོ་ཚལ་དག་ལ་ཨང་རྟགས་བསྒར་ནས་ཉེ་འཁོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་དང་ཁྲོམ་ར་ཁག་ཏུ་སྐྱེལ་རྩིས་བྱེད་བཞིན་ཡོད་པ་རེད། ཧོ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཧྥུ་ཀོའུ་རྫོང་སྔོ་ཚལ་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཧྲི་ཅན་ཡུས་ཀྱིས། ཧྥུ་ཀོའུ་རྫོང་གིས་སྔོ་ཚལ་འདེབས་འཛུགས་ཀྱི་སྣ་རིགས་གྲུབ་གཞི་མུ་མཐུད་ལེགས་སུ་བཏང་ནས། སྔོ་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། “གྲོང་ཚོ་རེར་སྤུས་རྟགས་རེ”གཏོད་རྒྱུ་དང་ཆབས་ཅིག གྲོང་གསེབ་དང་སྒོ་རྩིས་ཚོང་ཁང་སྦྲེལ་མཐུད་དང་དྲ་ཐོག་ཚོང་ཁང་ནས་བྲིན་འཚོང་ཡག་པོ་བྱས་ཏེ། སྔོ་ཚལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་གྱིས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་ཡོད། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཚན་རྩལ་དང་བསྒྱུར་བཅོས་གཉིས་ཀར་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། “ཞིང་གསུམ”ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཞིང་ལས་དེང་རབས་ཅན་ལ་འགྱུར་བའི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། ཞིང་ལས་ཚན་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་ཚན་རིག་ཁང་གི་རྒྱུད་འཛིན་དང་སྐྱེ་འཚར་སྐྱེ་དངོས་རིག་པ་སུའོ་ཡི་ཞིང་ལས་ཐོན་ཁུངས་ཞིབ་འཇུག་ལྟེ་གནས་ཀྱི་རིམ་པ་གཉིས་པའི་ཞིབ་འཇུག་པ་ཀྲང་ཀྲེང་པིན་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཀྲང་ཀྲེང་པིན་གྱིས། སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་གསལ་སྟོན་གནང་བའི་ཁ་ཕྱོགས་གཞིར་བཟུང་། ཚན་རྩལ་ལ་བརྟེན་ནས་ཞིང་ལས་ལ་རོགས་རམ་བྱེད་པའི་ཤུགས་ཚད་དང་གཏིང་ཟབ་ཚད་སྔར་བས་ཆེ་རུ་བཏང་སྟེ། ཧྭ་བྱང་ས་ཁུལ་གྱི་ཞིང་ལས་དེ“ཆུ་གྲོན་ཆུང་དང་། སྤུས་ལེགས། འབྱུང་ཁམས། འཁོར་རྒྱུག”བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད་ཡོད། 

    ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར་ཧྥེང་དབྱང་རྫོང་ཞའོ་ཀང་གྲོང་ཚོའི་ཏང་ཨུའི་ཧྲུའུ་ཅི་དང་པོ་ལི་ཅིན་ཀྲུའུ་ཡིས། ཞའོ་ཀང་གྲོང་ཚོས་བསྒྱུར་བཅོས་གསར་གཏོད་རྒྱུན་མཐུད་བྱས་ཏེ། ཕྱོགས་གཅིག་ནས་ཞིང་ལས་ཚན་རིག་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་གསེབ་ཀྱི་འགག་རྩའི་ཁྱབ་ཁོངས་བསྒྱུར་བཅོས་ལ་དམ་འཛིན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

     ད་ལོ་འབྲུབ་ཆུ་རྒྱས་དུས་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཆུ་ལོག་གི་གནོད་འཚེ་ཕོག་ཡོད། ཧོ་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཅིན་པོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལྟར། མུ་མཐུད་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་གྱི་ལས་དོན་ལ་དམ་འཛིན་ལེགས་པར་བྱ་རྒྱུ་ཡིན། ད་ལོ་དགུན་ཁ་དང་སང་སོའི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་སྒྲིག་འཛུགས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། མུ་མཐུད་ཞིང་ལས་ཚན་རྩལ་མི་སྣ་གྲོང་གསེབ་ཏུ་སྐྱོད་རྒྱུ་སྒྲིག་འཛུགས་ཀྱིས་དགུན་གྲོ་སྐྱེ་འཚར་གྱི་འགག་རྩའི་ལྷུ་ཚིགས་ལ་ལག་རྩལ་གྱི་མཛུབ་ཁྲིད་བྱས་ནས། སང་ལོའི་དབྱར་འབྲུ་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་ནང་བསྡུ་ཐུབ་རྒྱུར་འགན་ལེན་དང་སང་ལོར་ལོ་ལེགས་ཡག་པོ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

    “ལས་གཞི་ཁྲི་སྟོང”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་རིང་། སྐུ་ངོ་མས་ཇུས་བཀོད་དང་། བཀོད་སྒྲིག། སྐུལ་འདེད་བཅས་བཏང་གནང་བའི་བཀོད་ཇུས་གལ་ཆེན་ཞིག་ཡིན་པ་དང་། ལོ་ངོ་ཉི་ཤུ་ཙམ་གྱི་རིང་མཛེས་སྡུག་ལྡན་པའི་གྲོང་ཚོ་ཁྲི་སྟོང་བཏོད་ཡོད་ལ། ཞིང་པ་མང་ཚོགས་ཁྲི་སྟོང་མང་པོར་བདེ་སྐྱིད་ཀྱང་བསྐྲུན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ལས་གཞི་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ནས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་བྱེད་པ་དང་། རིམ་བགྲོད་གོང་འཕེལ་དང་ཡུན་རིང་འབད་འཐབ་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་མང་ཚོགས་ནས་རེག་ཚོར་ཐུབ་པའི་བྱ་བ་དངོས་ཁག་གཅིག་སྒྲུབ་དགོས་ཞེས་བསྟན་གནང་ཡོད།

     ཀྲེ་ཅང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཧྲའོ་ཁྲེན་ཆུས་ཀྱིས། ང་ཚོ་ཀྲེ་ཅང་གིས“གྲོང་ཚོ་སྟོང་གིས་སྣེ་ཁྲིད་དང་། གྲོང་ཚོ་ཁྲི་དར་སྤེལ། ས་ཁོངས་ཡོངས་ཐུན་མོང་ཕྱུག་འགྱུར། ཤང་གྲོང་ཞི་མཐུན་མཛེས་སྡུག་ལྡན་པ”བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པར་བརྟེན་ནས། “ལས་གཞི་ཁྲི་སྟོང”སྔར་བས་གཏིང་ཟབ་སྤེལ་བ་དང་། ཤར་གྲོང་དར་རྒྱས་ལ་སྐུལ་འདེད་གཏོང་བ། འབྱུང་འགྱུར་གྱི་གྲོང་ཚོ1000ལྷག་གཏོད་པ། ས་ཁོངས་ཡོངས་སུ་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ་བཅས་བྱས་ཏེ། ཀྲེ་ཅང་གི་ཤང་གྲོང་དར་རྒྱས་ཀྱི་དཔེ་སྟོན་གཏོད་རྒྱུ་ཡིན་ཞེས་བཤད་ཡོད།

     ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཐང་རེན་ཅན་གྱིས། སང་ལོ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཞིང་ལས་གྲོང་གསེབ་ཀྱི་ལས་དོན་ལེགས་པར་བསྒྲུབ་པར། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། “ལས་གཞི་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་། རྨང་གཞི་བརྟན་པོ་འདིང་བ་དང་། ཐོན་ནུས་བརྟན་པོ་ཡོང་བ་བྱེད་པ། ཉེན་ཁ་འགོག་པ། གསོན་ཤུགས་སྣོན་པ་བཅས་བྱེད་དགོས། “ཞིང་གསུམ”གྱི་མཐའ་ཐིག་བརྟན་པོར་སྲུང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྒྲིག་བཅས་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། “ཞིང་གསུམ”ལས་དོན་ལ་འཕེལ་རིམ་གསར་པ་དང་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར70ལོན་པའི་ཚོགས་འདུ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༩
  • དོ་སྣང་ཆེ་བའི་རྩོམ།