ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཝང་ཀང་ཕིང་གི་འགྲོ་འོང་ཕུག་ལམ་གཉིས་ཕུག་ཐུབ་པར་བྱུང་།

( ལྷ་འཛོམས་ཀྱིས་བསྒྱུར།)        2024-05-29

ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཝང་ཀང་ཕིང་གི་འགྲོ་འོང་ཕུག་ལམ་གཉིས་ཕུག་ཐུབ་པར་བྱུང་།

སྤྱི་ཟླ5པའི་ཚེས20ཉིན། སི་ཁྲོན་གཞུང་ལམ་ཚོགས་པའི་གཡག་མདོ་མྱུར་ལམ(ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་ལམ)སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན1205རིང་འཛུགས་སྐྲུན་བྱས་པར་བརྒྱུད། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ཝང་ཀང་ཕིང་ཕུག་ལམ་ཆ་གཅིག་ཕུག་ཐུབ་པར་བྱུང་ཞིང་།ད་ལོའི་ལོ་མཇུག་ཏུ་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཝང་ཀང་ཕིང་ནས་ཏ་ཧྲན་ཧྲུའུ་བར་གྱི་སྤྱི་ལེ33དེར་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་འདིང་བ་རེད།

ཝང་ཀང་ཕིང་ཕུག་ལམ་ནི་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གལ་ཆེའི་ཕུག་ལམ་རིང་ཤོས་ཤིག་ཡིན་པས། སྤྱིའི་རིང་ཚད་ལ་སྨི3613ཡོད་པ་དང་།2021ལོའི་ཟླ་བ2པའི་ཚེས1ཉིན་དངོས་སུ་ཕུག་འགོ་བཙུགས་ཡོད། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ནི་གཡག་མདོ་མྱུར་ལམ་དང་གཡག་ཞི་མྱུར་ལམ་གཉིས་སྦྲེལ་མཐུད་བྱེད་སའི་གཞུང་ལམ་གལ་ཆེན་ཞིག་ཡིན་པས། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ནས་འགོ་བཙུགས་ཏེ་གཡག་རྔ་གྲོང་ཁྱེར་སྲིབ་སྨད་རྫོང་བར་སླེབས་ཤིང་། སྤྱིའི་རིང་ཚད་སྤྱི་ལེ97ཡོད་པ་དང་།ཟམ་ཕུག་བསྡུར་ཚད་བརྒྱ་ཆ86.5ལ་ཟིན་པ་དང་། ཕུག་ལམ་བརྒྱ་ཆ69ལ་ཟིན་པས་འཛུགས་སྐྲུན་གྱི་དཀའ་ཁག་ཤིན་ཏུ་ཆེ་བ་ཞིག་ཡིན། ལས་གཞི་དེ་གྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་སྔོན་གྱི་རླངས་འཁོར་ལམ་ཚད་ཆུ་ཚོད3འགོར་བ་དེ་ཆུ་ཚོད1ལས་མི་འགོར་བ་དང་། དེའང་དཀར་མཛེས་ཁུལ་དུ་འགྲོ་འོང་བྱེད་སའི་མྱུར་བགྲོད་གཞུང་ལམ་གཉིས་པར་གྱུར་ཞིང་། དེ་དུས་ཁྲེང་ཏུའུ་ནས་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་བར་མྱུར་བགྲོད་གཞུང་ལམ་ཐད་ཀར་སླེབས་ཐུབ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།