དེ་རིང་། ང་ཤུག་སྡོང་འདིའི་འོག་ཏུ་ཁུ་སིམ་ མེར་བསྡད་ཡོད།

སྦྲ་འཚོ།        2024-08-05

   ང་རང་སྡེ་བའི་སློབ་ཆུང་ནས་མཐར་ཕྱིན་ཏེ། དམའ་འབྲིང་དུ་སོང་བ་ན། ངའི་སློབ་སྦྱོང་ཇེ་སྡུག་ཏུ་སོང་བ་དང་། དགེ་རྒན་གྱིས་ང་ལ་འགྲམ་ལྕག་གཞུས་པ་ཇེ་མང་ལ་སོང་། ཡིན་ན་ཡང་། འཆར་ཅན་དུ་སོང་བའི་བྱིས་པ་ནི་གླང་ཆེན་སྨྱོན་པ་ཞིག་གྲོང་ལ་ཤོར་བ་བཞིན་སུས་ཀྱང་འགོག་དཀའ་ཨང་། དེའི་ཕྱིར། སློབ་གྲྭའི་ནང་ནས་སློབ་སྦྱོང་བག་ཡངས་སུ་བཏང་སྟེ། ཕ་ཡུལ་དུ་ལྡོག་རྩིས་བྱེད་པ་གྲངས་མེད་ཡིན། ཕ་ཡུལ་ནས་ཕྱིར་སློབ་གྲྭར་སྐྱེལ་བའང་ཉུང་ཉུང་ག་ལ་ཡིན། ཐེངས་ཤིག། ཨ་མས་ངའི་སྐེ་ནས་བཟུང་སྟེ་ཐོད་པའི་ངོས་སུ་འོ་ཞིག་བསྐྱལ་རྗེས། “ སློབ་སྦྱོང་ཡག་པོ་བྱོས། དགེ་རྒན་དག་གི་ཁ་ལ་ཉོན།”ཞེས་ ཟེར། ངས་ཨ་མའི་གདོང་གི་མིག་ཆུ་དེ་མཐོང་དུས་ང་རང་བློ་བློང་བློང་པོར་གྱུར་པ་དང་། མིག་ཆུ་རྡོག་པོ་རེ་ཟུང་འོད་ཀྲིག་ཀྲིག་ངང་མིག་ཀོང་དུ་འཚེར་བྱུང་མོད། ཨ་མས་མཐོང་བ་དང་། གཞན་གྱིས་མཐོང་བ་དོགས་ནས་ཤུགས་ཀྱིས་ཁོག་ཏུ་མིད་པ་ཡིན། དེ་ནི་ངས་ཨ་མའི་ཚིག་ལ་བརྩི་བཀུར་བྱེད་སྟངས་གཞན་ཞིག་ཡིན། དེ་ལྟར་ལོ་ཟླ་ཁ་ཤས་ཤིག་བག་ཡངས་ངང་ཕར་ལ་བསྐྱལ་རྗེས། ཕ་ཡུལ་དུ་ལོག་པ་ཡིན། དེ་ནས་བཟུང་། ངས་ཨ་མར་མཐེ་བོང་ཀེར་ནས་ང་སློབ་གྲྭར་མ་མངག་རོགས། ཡང་ཨ་ཕ་ལོ་ལོ་ཟེར་ནས་མཐེ་བོང་ཀེར་བ་ཡིན། ཕ་མ་གཉིས་ཀྱིས་ང་རང་སློབ་གྲྭ་ནས་ཕྱིར་འཐེན་པ་དང་། ང་རང་གི་བསམ་ཐོག་ཏུ་བཞག་པ་ནས། ངས་རྒྱུན་དུ་སྡེ་བ་འདིའི་ནང་གི་ཆེས་བདེ་སྐྱིད་ལྡན་པའི་ཕྲུ་གུ་དེ་ང་ཡིན་སྙམ་པའི་ང་རྒྱལ་ཡང་སྐྱེས་མྱོང་། ང་རང་སློབ་གྲྭའི་བཙོན་ཁང་ལས་ཕྱིར་བུད་པ་ནི་ཕྲུ་གུ་གཞན་དག་གི་རྨ་ཁར་ཚྭ་བཏབ་པ་ཡིན། སློབ་གྲྭའི་བཙོན་ཁང་ཟེར་ན། ང་རང་ཆུང་དུས་སུ་སློབ་གྲྭ་ནི་བཙོན་ཁང་ཞིག་ཏུ་ལྟ་བ་ལས། རིག་པ། མི་གཞི། ཀུན་སྤྱོད། ཡ་རབས་ཚུལ་མཐུན་གྱི་སྤྱོད་པ་སློབ་སའི་ར་བ་ཞིག་ཡིན་པའི་འདུ་ཤེས་གཏན་ནས་ཡོད་མ་མྱོང་། དེའི་ཕྱིར། ང་རང་ཆུང་དུས་སུ་སློབ་གྲྭ་ཟེར་ན་བཙོན་ཁང་དང་། བཙོན་ཁང་ཟེར་ནའང་སློབ་གྲྭར་འཁྲུལ་བ་ཡིན། རེད་ཨང་། ང་རང་སློབ་གྲྭ་ནས་བུད་པ་ནི་ཉེས་ཆེན་ཞིག་བཙོན་ནས་ཐར་པ་དང་ཤིན་ཏུ་མཚུངས། ང་རང་གི་འདོད་ཐོག་ཏུ་རྟ་རྒྱུགས་ཟིན་པས། ངས་ཨ་མའི་ཁ་ལ་ཉན་ཏེ་ཕྱུགས་རྫིར་བསྐྱོད་པ། ཆུ་ལེན་པ། ཐ་ན་ཕག་ཕྲུག་དག་ཀྱང་ལྟོགས་སུ་མ་བཅུག་པར་ཟ་མ་སྟེར་བ་སོགས་བྱས། དེ་ལྟར་ང་རང་ཨ་མའི་པང་ལ་མགོ་བོ་བཞག་སྟེ་གཏམ་རྒྱུད་ལ་ཉན་པ་དང་། ཨ་མའི་སྐེ་ལ་བཟུང་སྟེ་འོ་སྐྱེལ་བ། སྐབས་རེར། ཨ་མའི་གདོང་ལ་ཁྲོ་གཉེར་ཞིག་བསྡུས་ནས་དབྱུག་པ་ཕྱར་ཏེ་ངའི་ཕྱོགས་སུ་རྒྱུག་འོངས་དུས། ཨ་མ་ལོ་ལོ། ང་ལ་དབྱུག་པ་གཞུ་བྲའམ་ཟེར་ནས་དགོད་གཏམ་བཤད་པ་སོགས། ད་ལྟ་བལྟས་ན་ངུ་སྙིང་འདོད་ཅིང་དགོད་བྲོ་བ་ཞིག་རེད། ངའི་ཨ་མ་ལགས་ནི་བོད་ཀྱི་བུད་མེད་དཀྱུས་མ་ཞིག་ཡིན་ཐོག། ཆུང་དུས་སུ་ལས་ལ་བརྩོན་རབས་བཤད་ན། ད་ལྟའང་མོ་དང་འགྲོགས་མྱོང་བའི་བུད་མེད་རྣམས་ཀྱིས་མིག་ཀོང་དུ་མཆི་མ་འཁྱིལ་བཞིན་ཨ་མ་ལགས་ལ་བསྟོད་བརྗོད་མང་པོ་བྱ་རྒྱུ་འདུག། ངས་ཨ་མ་ལགས་ངོ་མ་དེ་འདྲ་ཞིག་ཡིན་ནམ། ཨ་མ་ལགས་ལ་ངོ་མ་དེ་འདྲའི་སྡུག་བསྔལ་ལྕི་མོ་ཞིག་དང་འཕྲད་མྱོང་ངམ་ཟེར་ནས་གཞན་ལ་འདྲི་མ་མྱོང་ལ། འདྲི་ཡང་མི་འོས། ངའི་ཨ་མ་ལགས་ལ་སུ་དང་ཡང་མི་མཚུངས་པའི་བློ་གྲོས་ཤིག་ཡོད་པ་དང་། སུ་དང་ཡང་མི་གཅིག་པའི་དཔའ་སྤོབས་ཤིག་ཡོད་པ་མིན་ན་ཡང་། སྐྱིད་མི་ཐེབས་ཀྱང་། སྡུག་ནི་སུས་ཀྱང་ཐེབས་པས་ངའི་ཨ་མ་ལགས་ཀྱང་སྡུག་ཐེབས་པའི་བུད་མེད་དཀྱུས་མ་ཞིག་ཡིན། ཁོས་འཇིག་རྟེན་འདིར་སྡུག་བསྔལ་རབ་དང་རིམ་པ་བརྒྱུད་ནས་མཐར་འཇིག་རྟེན་དཀར་ངོགས་ནས་གཏན་དུ་གྱེས་པ་རེད། ངས་དྲན་སོས་པར་ལྟར་ན། ལོ་ངོ་མང་པོའི་ཡར་སྔོན་ཞིག་ལ། ཨ་མ་ལགས་ལ་ནད་གཞི་ཞིག་ཡོད་ཐོག། ནད་གཞི་དེ་ཇེ་ཆེར་སོང་སྟེ། དར་མདོ་དང་ཁྲེང་ཏུའུ་སོགས་སུ་སྨན་པ་ཅི་དགའ་ལ་བསྟེན་ནའང་དྲག་སྐྱེད་མ་བྱུང་། སྤྲུལ་སྐུ་དཔལ་ལྡན་མགོན་པོ་སོགས་དགེན་བའི་བཤེས་རྣམས་ལ་མོ་འདེབས་པ་དང་རྩིས་བརྒྱབ་པ་སོགས་བྱས་ཏེ། རིམ་གྲོ་རྒྱ་ཆེན་པོར་བྱས་ནའང་དྲག་སྐྱེད་མ་བྱུང་བར་མ་ཟད་ནད་གཞི་ཇེ་སྡུག་ནས་ཇེ་སྡུག་ལ་སོང་། ཐ་ན་ཁྱིམ་གྱི་ཅ་ལག་བྲིན་གྱི་གྲས་སུ་ཐེབས་ཚད་བཙོངས་ཏེ། སྨན་པར་རྒྱ་ཆེན་པོ་བསྟེན། སྨན་ཡང་མང་པོ་འཐུང་། མི་ནུས་མེད་ཅིག་གིས་མི་ཚེར་བསྒྲུབ་མི་ཐུབ་པའི་བུ་ལོན་ཡང་མང་པོ་བསགས། འོན་ཀྱང་།དྲག་སྐྱེད་མ་རྙེད་ནས་མཐར་ཁྱིམ་དུ་མི་ལོག་ཀ་མེད་བྱུང་། དེ་དུས་ཨ་མ་ལགས་ཉིན་དཀར་ཤུག་སྡོང་གི་བསིལ་གྲིབ་འོག་ཏུ་བསྡད་པ་དང་། མཚན་མོར་ཤུག་སྡོང་འགྲམ་དུ་རས་གུར་ཞིག་ཕུབ་ཡོད་པ་དེ་རུ་བསྡད་པ་རེད། དེ་དུས་ཁྱིམ་ཚང་འདིའི་ཁང་པ་སྔར་ཡོད་དེ་མེ་ལ་ཤོར་ཟིན་པ་དང་། ཁང་པ་གསར་པ་དེ་ད་དུང་ཁང་མགོར་བུད་མེད་པས། ཨ་མ་ལགས་རས་གུར་ནང་དུ་མི་འདུག་ཀ་མེད་བྱུང་། དེ་ལྟར་ཕ་ཡུལ་ནས་ཟླ་ཤས་འགོར་རྗེས། ཨ་མ་ལགས་ཀྱི་ནད་གཞི་སྔར་ལས་ཀྱང་ཇེ་སྡུག་ལ་སོང་སྟེ་འཇིག་རྟེན་དཀར་ངོགས་འདི་ནས་གཏན་དུ་གྱེས་སོང་། དེ་དུས་སྟོན་ཟླ་ཐ་མ་དགུན་ཟླ་དང་པོར་ཁད་ཉེ་བའི་དུས་ཚོད་འཁྱགས་པ་ཞིག་ཡིན། དུས་ཚོད་དེ་ད་ལྟའང་ངའི་སེམས་ལ་གསལ་པོར་དྲན་བཞིན་འདུག། ངས་མཚན་མོ་དེ་ཨ་མ་ལགས་འཇིག་རྟེན་འདི་དང་གཏན་དུ་གྱེས་པའི་དུས་ཚོད་ཀྱི་ཐ་མ་དེ་ཡིན་པ་མ་རྟོགས་ལ། སྙིང་ཉེ་བའི་བུ་བུ་མོ་དག་དང་གཏན་དུ་ཁ་བྲལ་བའི་མཚན་མོ་ལྷག་མ་ཞིག་ཡིན་པ་ཡིད་ཀྱི་ཟུར་གང་དུའང་ཤར་མ་མྱོང་། འོན་ཀྱང་། དགོང་མོ་དེར་ཨ་མ་ལགས་ལ་མི་འདོད་པའི་ཆོས་ཉིད་ཅིག་འབབ་ཅིང་། ཆོས་ཉིད་དེས་རྒྱུས་མེད་ཀྱི་ལམ་ཁ་གཞན་ཞིག་ལ་ཁྲིད་སོང་། ད་དུང་། ཨ་མ་ལགས་ཀྱིས་གྱེས་ཁ་མའི་མཚན་མོ་དེར་ཕ་ལགས་ལ་ཁ་ཆེམས་འདི་འདྲ་ཞིག་བཞག་འདུག “ མིང་སྲིང་ལྔ་ལས་ཆུང་བ་གཉིས་དེ་གྲྭ་པ་དང་ཇོ་མོ་བྱོས། ང་ལ་ཚེ་འདིར་དགོས་པ་ཅི་ཡང་མེད། ཁོང་གཉིས་ཀྱིས་ང་ལ་དྲིན་ལན་ཡང་དེས་མཇལ་ངེས”ཁ་ཆེམས་དེ་ཨ་མ་ལགས་འཇིག་རྟེན་དཀར་ངོགས་འདི་ནས་གཏན་དུ་གྱེས་ཏེ། ལོ་ཤས་ཀྱི་རྗེས་སུ་ཕ་ལགས་ཀྱིས་བཤད་པ་ཡིན། ང་རང་དགོན་པའི་སློབ་གྲྭར་ཞུགས་ཏེ་ཟླ་ཤས་ཀྱི་རྗེས་སུ་བཤད་པ་ཡིན། ངས་ཁ་ཆེམས་འདི་ལ་འདང་མང་པོ་བརྒྱབ་པ་ཡིན། འདང་རྒྱག་གིན་རྒྱག་གིན་ངའི་མིག་ཆུ་ཇེ་མང་ནས་ཇེ་མང་དང་། ཨ་མ་ལགས་དྲན་པའི་གདུང་བ་ཇེ་ལྕི་ནས་ཇེ་ལྕི་རེད། ད་ལྟ་ང་རང་རབ་ཏུ་བྱུང་ནས་ལོ་ངོ་ཧྲིལ་བོར་བཅུ་ལྷག་བརྒལ་འདུག་མོད། ངས་ཨ་མར་དྲིན་ལན་འཇལ་མ་ཐུབ་སྙམ་སྟེ། སེམས་སྡུག་ཆེན་པོའི་ནང་དུ་ལྷུང་འདུག། རྒྱུ་མཚན་ང་རང་རབ་ཏུ་བྱུང་ན་ཡང་། ཨ་མ་ལགས་སྐུ་འཚོ་ཞིང་གཞེས་དུས་སྲི་ཞུ་རྣལ་མ་ཞིག་སྒྲུབ་མ་ཐུབ་པས་རེད། ཨ་མ་ལགས་འཇིག་རྟེན་འདི་དང་ཁ་བྲལ་བའམ་ཁྱིམ་ཚང་འདི་དང་ཁ་བྲལ་ནས། ངས་རང་གི་མིག་མདུན་ན་ཡོད་པའི་སྡུག་བསྔལ་དེ་མངོན་སུམ་དུ་མཐོང་བྱུང་ལ། ངས་འཇིག་རྟེན་སྟེང་གི་ཆེས་མྱང་ན་མི་འདོད་པའི་ན་ཚ་དེ་ཡང་མྱོང་དགོས་བྱུང་། ད་གཟོད་ཕ་མ་ཟུང་འཇིག་རྟེན་ལ་འཚོ་ཞིང་གཞེས་དུས་སྲི་ཞུ་རྣལ་མ་ཞིག་བསྒྲུབ་དགོས་པའི་གནས་ལུགས་ཟབ་མོ་ཞིག་ཀྱང་རྙེད་བྱུང་། ཕྲུ་གུའི་དུས་སུ་ཕ་འཛོམས་མ་འཛོམས་ཀྱི་ཁྱིམ་ཚང་འདི་ལ་དམིགས་གསལ་གྱི་བདེ་སྐྱིད་ཅིག་ཡོད་པར་ཚོར་མ་མྱོང་ཡང་། ག་ལེར་ན་སོན་འཕར་བ་དང་བསྟུན་འདང་ཅུང་ཟད་བརྒྱབ་ཤེས་པ་ནས། ད་གཟོད་ཕ་འཛོམས་མ་འཛོམས་མིན་པའི་ཁྱིམ་ཚང་འདི་ལ་དམིགས་བསལ་གྱི་སྡུག་བསྔལ་ཞིག་ཡོད་པར་ཚོར་འོང་གིན་འདུག། དེའི་ཕྱིར་ནམ་རྒྱུན། ང་རང་ཕ་མ་འཛོམས་པའི་ཁྱིམ་ཚང་དག་ལ་ཡིད་སྨོན་གཏིང་ནས་སྨོན་པ་སྐྱེ་བཞིན་འདུག། སྔོན་ཆད། སྡེ་བའི་ནང་གི་མི་འགའ་རེས་ང་ལ་བུ་ཆུང་ཆུང་ཟེར་ནས་ཧ་ཅང་གཅེས་གཅེས་བྱེད་པ་དང་། དེ་བཞིན་ཕ་མ་གཉིས་ཀས་ཁོག་པའི་ནང་གི་སྙིང་དང་། དཔྲལ་བའི་འོག་གི་མིག་འབྲས་བཞིན་སྙོར་སྐྱོང་བྱས་ནས་འོངས་པས། ངས་འདི་འདྲའི་སྡུག་བསྔལ་ཞིག་ངའི་མིག་མདུན་དུ་ཡོད་པ་བསམ་མ་མྱོང་ལ། བསམ་ཡང་མི་སྲིད། འོན་ཀྱང་། ད་ལྟ་ཤུག་སྡོང་འདིའི་འོག་ཏུ་ཁུ་སིམ་མེར་བསྡད་དེ། འདས་ཟིན་པའི་འཚོ་བ་ལ་ཕྱིར་འདང་རེ་བརྒྱབ་ན། ངའི་མིག་ཀོང་ནས་མཆི་མའི་རྡོག་པོ་འགའ་དབང་མེད་དུ་ཟ་འགྲམ་བརྒྱུད་ནས་ས་རུ་ལྷུང་འོང་། ངས་ཤུག་སྡོང་འདི་ད་ལྟ་ནང་བཞིན་ཁེར་རྐྱང་གི་ཤུག་སྡོང་ཞིག་མ་ཡིན་པར། ཨ་མ་དང་ལྷན་དུ་སྟོན་ཁ་ཐ་མ་བརྒལ་བའི་ཤུག་སྡོང་དེ་ཡིན་ན་བསམས། ཨ་མ་དང་ལྷན་དུ་གཏམ་རྒྱུད་སྣ་ཚོགས་བཤད་སའི་ཤུག་སྡོང་དེ་ཡིན་ན་བསམས། དེ་ལྟར་ཉམ་ཐག་ཅིང་སེམས་སྡུག་པའི་གཏམ་རྒྱུད་དེས། ངའི་བག་ཆགས་ཁྲོད་ཀྱི་ཨ་མ་ལགས་ནམ་ཡང་བརྗེད་ཐབས་མི་འདུག། དྲིན་ཆེན་གྱི་ཨ་མ་ལགས། ངས་ཁྱེད་ལ་དགོངས་དག་ཞུ། ངས་ཁྱེད་ཀྱི་མི་ཚེར་འོ་ཇ་མངར་མོ་ཞིག་དྲངས་མ་ཐུབ་ལ། ལྭ་བ་གཙང་མ་ཞིག་ཀྱང་ཕུལ་མ་ཐུབ། ཐ་ན་ངས་ཁྱེད་ལ་བཀའ་དྲིན་ཆེ་ཞེས་ཚིག་གཅིག་ཀྱང་ཞུས་མ་མྱོང་། འོན་ཀྱང་། ངའི་ཚེ་སྲོག་གི་དབུགས་དབྱུང་ཁྱེད་ཀྱིས་གནང་བ་ཡིན་པས། ཁྱེད་ཀྱི་བཀའ་དྲིན་མི་བརྗེད་ལ། ཁྱེད་ཀྱི་དྲིན་ལན་མི་བརྗེད། ངས་ཅི་ཡང་མི་ནུས་ཀྱང་། ཁྱེད་ཀྱི་ཁ་ཆེམས་ཀྱི་དམ་ཚིག་ཚུལ་བཞིན་བསྲུངས་ཏེ་མི་ཚེའི་ལ་མོ་རྒལ་བཞིན་ཡོད། ཁྱེད་ཀྱིས་མི་ཚེའི་སྡུག་བསྔལ་གྱི་འཕྲང་ལམ་བརྒལ་ཏེ། འཇིག་རྟེན་དཀར་ངོགས་འདི་ནས་གཏན་དུ་གྱེས་ཀྱང་། ངས་ཁྱེད་ཀྱི་འོད་སྟོང་འཕྲོ་བའི་ཕྱག་རྗེས་རླབས་པོ་ཆེ་དེ་ནམ་ཡང་མི་བརྗེད་ལ། བརྗེད་པར་མི་སྲིད། ཨ་མ་ལགས།།


  • ལེ་ཚན་སྔོན་མ།:ཁྱིམ་ཚང་དཀྱུས་མ་ཞིག་གི་རྩོམ་འབྲི་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།