ཞེ་ལ་ལྷུང་བའི་བྱི་རུ།

ཐོར་བུ།        2024-09-04

    ངའི་སྐེ་ན་བྱི་རུ་ཆུང་ཆུང་ཞིག་ཡོད། བྱི་རུ་ཆུང་ཆུང་འདི་ཚེ་རིང་གཡུ་སྒྲོན་གྱིས་ངའི་སྐེ་ལ་བཏགས་པ་རེད། ཡིན་ན་ཡང་། ད་ནི་ཚེ་རིང་གཡུ་སྒྲོན་གནས་སུ་སོང་ནས་ལོ་གསུམ་དང་ཟླ་འགའ་རེད། འགའ་རེས་བཤད་ན་ད་ལན་མོ་ལ་བྱིས་པ་ཞིག་ཡོད་རེད་ཟེར་ལ། ཡང་འགའ་རེས་ཟེར་ན་བྱིས་པ་ཞིག་མེད་ཟེར། ང་ལ་ངོ་མ་མོར་བྱིས་པ་ཡོད་མེད་འབྲེལ་བ་མེད་པ་འདྲ། ཡིན་ན་ཡང་། ང་རང་སློབ་ཆེན་ནས་མཐར་མ་ཕྱིན་གོང་། མོ་རང་དེ་ལྟར་གནས་སུ་བུད་སོང་། ངའི་དཔེ་སྒྲོམ་གྱི་གྲུ་ཟུར་ཞིག་ཏུ་མོ་ལ་བྲིས་པའི་འཕྲིན་པ་རྒྱ་མ་འགའ་བརྩིགས་ཡོད་ལ། སེམས་སུ་མོ་རང་དྲན་པའི་ན་ཟུག་མང་པོ་ཞིག་ཀྱང་ལུས་འདུག། ད་མང་པོ་ཞིག་བཤད་མི་བསམ་པས་ང་རང་ཕྱིར་དྲན་གྱི་ནགས་སུ་ཐེངས་གཅིག་ཉུལ་བར་བྱ། ང་རང་མཐོ་འབྲིང་མཐར་ཕྱིན་ནས་སློབ་ཆེན་དུ་འགྲོ་ཁར་ཚེ་རིང་གཡུ་སྒྲོན་ལ་ཐུག་ཏུ་སོང་བ་ཡིན། མོ་ཡོད་ས་ནི་ཆུང་དུས་ངེད་གཉིས་ལྷན་དུ་རྫི་བོར་འགྲོ་མྱོང་སའི་ཉིན་ཐང་གི་སྲིབ་ལུང་གོང་མ་ཞེས་པའི་ལུང་པ་དེ་རེད། མོའི་ཁྱིམ་ཚང་གི་མིང་ལ་ཚེ་རིང་ཚང་ཟེར་ལ། ཚེ་རིང་ནི་ཚེ་རིང་གཡུ་སྒྲོན་གྱི་ཨ་ཕ་ཡིན། མི་ལ་ལས་ཚེ་རིང་མགོ་ཆེ་ཚང་ཡང་ཟེར། ཚེ་རིང་ངམ་ཚེ་རིང་མགོ་ཆེ་ནི་ངེད་ཅག་གི་སྡེ་བ་ཆུང་ཆུང་དེའི་སྡེ་དཔོན་ཡིན་པས་ཚེ་རིང་གཡུ་སྒྲོན་ཡང་སྡེ་དཔོན་ཚང་གི་བུ་མོ་ཡིན། ཚེ་རིང་མགོ་ཆེ་ནི་རྨོངས་དད་མཐུག་པོ་ཅན་གྱི་མི་ཞིག་ཡིན་པས། ལ་ལས་ཁོའི་མིང་ཚེ་རིང་རྨོངས་མགོའང་ཟེར། གང་ལྟར་ཚེ་རིང་གཡུ་སྒྲོན་ནི་ང་དགའ་སའི་བུ་མོ་ཁེར་མ་དེ་ཡིན་ཞིང་། ང་ཚེ་རིང་གཡུ་སྒྲོན་ལ་དགའ་བ་དེ་ནས་བཟུང་ངམ། དེའི་ཡར་སྔོན་དུ་ང་རང་བུ་མོ་ཞིག་ལ་ཕོ་མོའི་དགའ་འབྲེལ་གཏན་ནས་བྱས་མ་མྱོང་། ཉི་མ་དེར་ང་རང་མོར་མ་ཐུག་སྟེ་ཟླ་བ་བཅུ་དང་ཉིན་དྲུག་འགོར་བའི་ཉིན་མོ་ཡིན་ལ། ཉིན་དེའི་ཞོགས་པ་དེར་ང་རང་རྫོང་ནས་སྡེ་བར་ཡོང་བའི་འཁོར་ཕྲན་ཟུངས་ཟད་ཅིག་གི་ནང་ནས་ཡོང་སྟེ། སྡེ་བར་ཐོན་དུས་དུས་ཚོད་ཕལ་ཆེར་ཉིན་གུང་དུ་སླེབས་ཡོད་པ་འདྲ། ཉི་མ་དེར་ང་རང་མོར་ཐུག་རྒྱུར་བྲེལ་དྲགས་པའི་དབང་གིས་ངས་དུས་ཚོད་ལ་བལྟ་རྒྱུ་འང་བརྗེད་སོང་། ངས་རང་གི་གྲོགས་པོ་ནོར་བུའི་འཕྲུལ་རྟ་ཆག་རོ་དེ་གཡར་ནས་འབྲོག་སར་སོང་བ་ཡིན། ཡིན་ན་ཡང་། ང་རང་མོའི་ཁྱིམ་མམ་ཚེ་རིང་ཚང་དུ་མ་སོང་བར་ཕུ་བོ་གཡུ་འབྲུག་ཚང་དུ་སོང་། ང་ཕུ་བོ་གཡུ་འབྲུག་ཚང་དུ་ཐོན་དུས་ངས“ ཕུ་བོ་གཡུ་འབྲུག་ལ་དེ་རིང་ཚེ་རིང་གཡུ་མཚོ་ནོར་རྫི་ཡིན་མིན་ཨེ་གོ ”ཞེས་དྲིས་པ་ན།ཕུ་བོས“ སྙིང་རྗེ་ཚེ་རིང་གཡུ་མཚོ་ནི་ངོ་མ་ལས་ངན་མ་ཞིག་རེད། མོ་ནི་ངོ་མ་ཚེ་རིང་མགོ་ཆེའི་རང་གི་བུ་མོ་ཡིན་པ་འང་བརྗེད་སོང་བ་འདྲ། ཤ་ཚ་གཏན་ནས་མེད་པར་ནམ་དང་ནམ་དུ་ལས་དཀའ་རྐྱང་རྐྱང་བྱེད་དུ་འཇུག་གིན་འདུག། དགུན་ཁ་འདིར་ཉིན་ཉིན་ནོར་རྫི་རེད། དེ་རིང་ཡང་མོ་ནོར་རྫི་ཡིན་ངེས། ཡིན་ན་ཡང་། ངས་ཁྱོད་རང་མོར་མ་ཐུག་ན་བཟང་སྙམ། ཚེ་རིང་མགོ་ཆེས་གོ་ན་ཡང་འདྲ་མི་འདྲ་བཤད་ནི་རེད། དེ་དུས་ད་དུང་། ཡ་ཡ་ད་དེ་དག་མི་བཤད་ཁྱོད་རང་ངོ་མ་མོར་ཐུག་ཏུ་འགྲོ་རྒྱུ་ཡིན་ནམ། ”ཟེར།

“ད་ཚེ་རིང་གིས་ཅི་བཤད་ན་བཤད་དུ་ཆུགས། ང་རང་མོར་མ་ཐུག་ནས་ཡུན་རིང་ཡིན། དེ་རིང་ཐུག་ཏུ་མ་སོང་ན་ཡང་ཡུན་རིང་ཞིག་ལ་མི་ཐུག་པས་ང་དེ་རིང་མོར་ཐུག་ཏུ་འགྲོ་རྒྱུ་ཡིན། ངོ་མ་བཤད་ན་ཕུ་བོ། ངས་མོ་རང་སློབ་གྲྭ་ནས་ཤིན་ཏུ་དྲན་ལ། ད་དུང་ཧེ་ཧེ་ཧེ་ཕ་མ་ལས་ཀྱང་མོ་རང་རྨི་ལམ་དུ་ཐེངས་མང་པོ་རྨིས་མྱོང་། དེ་རིང་ངེད་གཉིས་ཐུག་ཐུབ་པའི་སྨོན་ལམ།”

“ ཡ་ཡ་དེ་འདྲ་ཞིག་རེད་དམ། ད་དེ་ན་ཇ་ཞིག་བཏུང་སྟེ་སོང་ན་མི་དགའ་འམ། ”

“ ཡ་ཡ་ཕུ་བོ་ད་ངས་ཇ་མི་འཐུང་། ང་མགྱོགས་པོར་མོ་དང་ཐུག་འདོད། ”

“ ཡ་ཡ་ད་དེ་ན་སོང་དང་མོའི་ནོར་དེ་རིང་སྲིབ་ལུང་གི་ཉིན་ངོས་སུ་འཚོས་ཡོད་རྒྱུ་རེད་ཁ་རྩང་སྲིབ་ངོས་སུ་ནོར་རྫི་རེད། ”

“ ཡ་ཡ་དེས་ན་ང་འགྲོ་ནི་ཡིན། ”

ངས་འཕྲུལ་ཆག་དེ་བཞོན་ནས་ཉིན་ལུང་མདོར་ཐོན་དུས། འཕྲུན་ཆག་དེ་བྲག་རྩ་ཞིག་ཏུ་བཞག་རྗེས་ཉིན་ལུང་གི་སྲིབ་ངོས་སུ་འགོས། ཕལ་ཆེར་ང་རང་དུས་ཚོད་གཉིས་ཙམ་ལ་སོང་ཡོད་ངེས། ད་ནི་ངས་གཞི་ནས་མོའི་ནོར་ཁྱུ་མཐོང་བཞག། མིག་རྣོ་རྣོ་བྱས་ཏེ་བལྟས་པ་ན། མོ་རང་ནོར་ཁྱུའི་རྗེས་སུ་འགྲོ་བཞིན་པའང་མཐོང་བཞག། ང་རང་རྒྱུག་ཐེངས་གཅིག་གི་མོའི་སར་འབྱོར་དུས། མོས་ང་རང་ཡོང་གིན་ཡོད་པ་མ་གོ་བར་ནོར་ཁྱུར་ཁ་ཕྱོགས་ན་བསྡད་འདུག། ང་རྐང་འཇབ་ལག་འཇབ་ངང་མོའི་རྩར་བཅར་ནས་ལག་པ་གཉིས་ཀས་ག་ལེར་མོར་འཁྱུད་པ་ཡིན། སྐད་ཅིག་དེའི་རིང་ལ་ངའི་སེམས་རྩ་དྲོས་བྱུང་། ངོ་མ་རང་ཉིད་དགའ་སའི་བུད་མེད་དང་འཐམ་འཁྱུད་བྱེད་པ་ནི་བདེ་སྐྱིད་རྣལ་མ་ཞིག་རེད། སྐབས་དེར་མོར་ཅུང་སྐྲག་ཐལ། དེ་ནས་མོས་སྐད་ཆུང་ངུས།

“ ཁྱོད་སྟོབས་རྒྱལ་རེད། ངས་ཁྱོད་ཀྱི་ལག་པ་ཤེས་འུ། ངས་ཁྱོད་རང་བསྒུགས་ཡོད།”ཟེར་ཞིང་ངའི་ལག་པར་ལག་པས་རེག་ཙམ་བྱེད། དེ་དུས་ངའི་ལག་པའི་སྟེང་དུ་ཆུ་ཐིགས་འགའ་འཕྲལ་མར་ལྷུང་བྱུང་། ངས་དེ་ནི་མོའི་མིག་ཆུ་ཡིན་པ་གོ་ལ་མིག་ཆུ་དེ་ནི་ངའི་སེམས་གཏིང་དུ་ཟགས་པ་བཞིན་ཧ་ཅང་གྲགས་འགུལ་ཅན་ཞིག་རེད། ངས“ཚེ་རིང་གཡུ་སྒྲོན། ང་ཐོན་བཞག། ང་རང་ཁྱོད་དང་ཐུག་ཡོད་པ་འདི་རྨི་ལམ་མིན་ནམ། རྨི་ལམ་ཡིན་ཚེ་སད་རྒྱུ་མེད་ན་ཅི་མ་རུང་། མིན་མིན་འདི་རྨི་ལམ་མིན། ”

ངས་དེ་ལྟར་ངག་ནས་ཤོར་རྗེས། མོ་རང་ཚུར་ང་ལ་འཁོར་བྱུང་། མོའི་ངོ་གདོང་ནི་དབྱར་ཁའི་ཉི་མས་ཚིག། དགུན་ཁ་ཙག་གིས་ཕྱིད་སོང་བ་ཡིན་ཡང་སྲིད། གང་ལྟར་དམར་ནག་ཅིག་ཏུ་གྱུར་འདུག། ད་ལྟའི་མོ་ནི་ང་དང་ལྷན་དུ་ནོར་རྫིར་སོང་མྱོང་ལ་རྨི་ལམ་དུ་རྨིས་པའི་ཤ་ལོ་དཀར་བའི་ཚེ་རིང་གཡུ་སྒྲོན་མ་ཡིན་པར། ཆུང་ནས་འདྲིས་ཤིང་བརྩེ་བའི་བུ་མོ་ནི་ད་ལན་གནའ་སྔ་མོའི་འབྲོག་མོ་ཞིག་ཏུ་གྱུར་འདུག། ངོ་གདོང་དམར་ཞིང་ནག་ལ་གོན་པ་ནི་སློག་ཧྲུལ་དུ་གྱུར་འདུག། ཡིན་ན་ཡང་མོའི་གདོང་དབྱིངས་ནི་སྔར་བཞིན་ཚེ་རིང་གཡུ་སྒྲོན་རེད། ངས་མོ་ལ་འཐམ་འཁྱུད་ཡིད་ཚིམ་པ་བྱས་རྗེས།

“ ཚེ་རིང་གཡུ་མཚོ། ཁྱོད་དཀའ་འུ་ཡོད་དམ། ངས་ཁྱོད་འདི་ལྟར་གྱུར་ཡོད་པ་སེམས་ལའང་མ་དྲན། ”

“ སྟོབས་རྒྱལ། ང་འདི་འདྲ་ཞིག་ཏུ་གྱུར་རུང་དེ་ལ་དཀའ་སྣང་མེད་ཀི། ཡིན་ན་ཡང་། ཁྱོད་རང་དྲན་གྱིན་ཁྱོད་རང་སྒུག་པ་ནི་བཟོད་ཐབས་བྲལ་བ་ཞིག་རེད། ཁྱོད་རང་ཡོང་བ་ཅི་ལྟར་བསྒུགས་རུང་ཐོན་རྒྱུ་མེད་པས། ངས་ང་རང་ཁྱོད་ཀྱིས་བརྗེད་སོང་བ་རེད་བསམས་མྱོང་། ”

“ ངས་ཁྱོད་རང་བརྗེད་སྲིད་དམ། ང་འང་ཁྱོད་ལ་ཐུག་ན་ཅིས་མི་འདོད་མོད། ཡིན་ན་ཡང་། ཕ་མས་ང་རང་མཐོ་འབྲིང་མཐར་ཕྱིན་པར་སེམས་གཏིང་ནས་རེ་ཞིང་སྨོན་པས། ང་སློབ་གྲྭ་ནས་མ་བྱོལ། གང་ལྟར་ད་ནི་རང་གཉིས་ཐུག་སོང་། ”

ངས་ཡང་བསྐྱར་མོའི་ལག་མགོར་ལག་པས་ཡང་སྡོམ་ཞིག་བྱས་ཏེ།

“ ཁྱོད་ཀྱི་ལོ་འགར་སྒུགས་དང་། ང་རང་སློབ་ཆེན་ནས་མཐར་ཕྱིན་པའི་ཉིན་མོ་ནས་བཟུང་། ཁྱོད་རང་ངའི་ཆུང་མ་ཡིན། དོན་ངོ་མར་བཤད་ན། ཚེ་རིང་གཡུ་སྒྲོན། ངའི་སེམས་སུ་ཁྱོད་ནི་ངའི་ཆུང་མ་བྱས་ནས་ལོ་མང་པོ་འགོར་སོང་། ཚེ་རིང་གཡུ་སྒྲོན། ངས་ཁྱོད་རང་སྡུག་ལ་གཏད་བཞག། འདི་ནི་ངའི་མི་ཚེ་ཧྲིལ་པོའི་ནག་ཐིག་ཆེས་ཆེ་ཤོས་དེ་ཡིན་ངེས། ཚེ་རིང་གཡུ་སྒྲོན། དོ་ཞག་བདེ་མོ་སྐྱིད་པོ་ཡིན་ནམ། ”

“ ང་རང་སྐྱིད་པོ་བདེ་མོ་ཡིན། ཁྱོད་ཀྱིས་ལྟོས་དང་།”

ཟེར་ནས་ཕར་ཅུང་ཟད་སོང་སྟེ། ག་ལེར་ཡར་འཁོར་མར་འཁོར་ཞིག་བྱས་ཏེ། ལུས་ཡོངས་རྫོགས་ང་ལ་སྟོན་ཙམ་བྱས་རྗེས།

“ ཁྱོད་ཅི་འདྲ་རེད་ད་སློབ་ཆེན་དུ་འགྲོ་ཐུབ་ཨེ་སོང་། ”

“ ང་སློབ་ཆེན་དུ་འགྲོ་ཐུབ་སོང་། ང་རང་སློབ་ཆེན་དུ་དངོས་སུ་ཞུགས་པ་ཡིན་པས་སློབ་ཆེན་མཐར་ཕྱིན་པར་ལོ་བཞི་དགོས་ནི་རེད། ལོ་བཞིའི་རྗེས་ནས་ངས་ཁྱོད་རང་དངོས་སུ་ཆུང་མར་བླང་རྒྱུ་ཡིན། ”

“ ལོ་བཞི་ངོ་མ་ཐུང་ཐུང་ཞིག་མ་རེད། ཁྱོད་ཀྱིས་ང་བརྗེད་མི་འགྲོའམ། ”

“ ཚེ་རིང་གཡུ་སྒྲོན། ངས་ཚེ་འདིར་ཁྱོད་རང་གཏན་ནས་བརྗེད་མི་སྲིད། གལ་སྲིད་སྐྱེ་བ་ཕྱི་མ་ཞིག་ཡོད་རྒྱུ་ན་སྐྱེ་བ་དེར་ཡང་ང་ཁྱོད་ཁོ་ནར་དགའ་ངེས། ”

ངས་དེ་ལྟར་བརྗོད་དུས་མོའི་མིག་ཟུང་དུ་ཡིད་ཆེས་པའི་འོད་ཅིག་འཁྱིལ་འདུག་ཅིང་།མིག་ཟུང་དེ་ལས་ག་ལེར་ཆུའི་ཐིགས་པ་འགའ་མར་ཟགས་བྱུང་། ངེད་གཉིས་ཀྱིས་ཡང་བསྐྱར་འཐམ་འཁྱུད་ཡིད་ཚིམ་པ་ཞིག་བྱས་རྗེས། ཉི་མ་དྲོ་ཞིང་རླུང་མི་གཡུག་པའི་ཤུག་པ་ཆུང་ཆུང་ཞིག་རྩར་སོང་ནས་སེམས་གཏམ་ཡོད་ཚད་ཕར་ཚུར་བཤད་བྱས་ནས་དུས་ཚོད་ཀྱང་ཕྱི་པོ་རེད་སོང་བས། ང་རང་མོ་དང་འབྲལ་ལ་ཉེ།

“ ཚེ་རིང་གཡུ་སྒྲོན། ད་ནི་ང་རང་འགྲོ་རན་སོང་བས་ཁྱོད་ལ་བདེ་མོ་འཇོག། འདི། ང་ལ་རྒྱུ་ནོམ་པ་ཆེ་ཞིག་མེད་རུང་། སྒྲུང་དེབ་འདི་ཁྱོད་ལ་དྲན་རྟེན་དུ་སྟེར། ང་མ་བརྗེད་དང་ངས་ཁྱོད་རང་བརྗེད་མི་སྲིད། ”

ངས་དེ་ལྟར་བརྗོད་ཀྱིན་མཁས་དབང་[དོན་འགྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཤིག་མོ་ལག་ཏུ་བཞག།

མོའི་མིག་མཐའ་མཆི་མས་བརླན་ཏེ།“ སྟོབས་རྒྱལ། སློབ་གྲྭ་ནས་ཁྱོད་ཀྱིས་ང་དྲན་རྒྱུ་ཨེ་རེད།”

མོས་དེ་ལྟར་བརྗོད་དུས་ངའི་སེམས་སུ་ཚ་ཤར་ཞིག་བརྒྱུགས་བྱུང་། ཁོག་པའི་ནང་ནས་གང་ཞིག་བཅད་སོང་བའི་ཚོར་བ་ཞིག་ཀྱང་བྱུང་།

“ ཚེ་རིང་གཡུ་སྒྲོན། ངས་ཅིག་དྲན་ཚེ་ཁྱོད་ཡིན་ངེས་ལ། ཡང་ཅིག་རྨིས་ཚེ་ཁྱོད་ཡིན་སྲིད། ང་ཁྱོད་ལ་དགའ་བ་ནི་ལྡོག་ཏུ་མེད་པའི་ཆིལ་ཆིལ་མར་འབབ་པའི་རྦབ་ཆུ་ཞིག་ཡིན། ”

ངས་དེ་ལྟར་བཤད་དུས་མོ་ངུས་ནས་ང་ལ་འཐམ་བྱུང་།

“ སྟོབས་རྒྱལ། འདི་ངས་ཁྱོད་ཀྱི་སྐེ་ལ་བཏགས། ང་རང་དྲན་ཚེ་འདི་ལག་ཏུ་ཟུང་དང་འདི་ནི་ང་རང་ཡིན། ཡ་ད་ནི་ཁྱོད་མགྱོགས་པོར་སོང་། ང་ཡང་མ་སོང་ཚེ་ཟོག་ཚང་མ་ཕྱོགས་ཕྱོགས་སུ་འཐོར་འདུག་པས་གཅིག་ཏུ་བསྡུ་དཀའ་ས་འདུག། ”

“ ཚེ་རིང་གཡུ་སྒྲོན། ཁྱོད་ཀྱིས་ང་སྒུགས་སྡོད། ལོ་བཞི། ལོ་བཞི། ལོ་བཞིའི་རྗེས་འུ་གཉིས་གཏན་ནས་མི་འབྲལ་བར་སྡོད་ཐུབ་ཁོ་ཐག་ཡིན།”

སྐད་ཆ་དེ་བཤད་རྗེས་མོ་དང་འཐམ་འཁྱུད་ཅིག་བྱས་རྗེས་ཁ་ཕྱིར་འཁོར་ཏེ་ཡོང་བ་ཡིན། ད་ནི་ངའི་མིག་ལས་ཀྱང་ཆུ་ཐིགས་ཟགས་བྱུང་བས། ཁ་ཕྱིར་མ་འཁོར་ནས་ཡུད་ཙམ་སོང་རུང་ང་ནི་ངོ་མ་མོ་དང་འབྲལ་ཐབས་མི་འདུག་པས།ཡང་ཁ་ཕྱིར་འཁོར་ནས་བརྒྱུགས་ཏེ་མོ་ལ་འཐམ་པ་ཡིན། དེ་ལྟར་ག་ལེར་ངེད་གཉིས་སོ་སོར་གྱེས་སོང་། ང་རང་ཕུ་བོ་གཡུ་འབྲུག་ཚང་དུ་ཐོན་དུས་ས་རུབ་ནས་ཡུན་རིང་ཙམ་ཡིན་ཁོ་ཐག་ཡིན། ནུབ་མོ་དེར་ང་རང་ཕུ་བོ་ཚང་ནས་བསྡད་ཅིང་ནམ་ལངས་པ་དང་འཕྲུལ་རྟར་བཞོན་ནས་གྲོགས་པོ་ནོར་བུར་ཚང་དུ་སོང་ནས་ཅུང་བསྡད་རྗེས། འཕྲུལ་རྟ་གྲོགས་རང་ལ་སྤྲད་ནས་ང་རང་མོ་དང་རྒྱང་ཐག་ཅུང་ཙམ་གྱིས་ཆོད་པའི་རྫོང་དུ་བུད་སོང་།

ཧུ། ད་ནི་མོ་རང་གནས་སུ་བུད་སོང་། ང་རང་སློབ་ཆེན་མཐར་ཕྱིན་པར་ཟླ་འགའ་ལས་མེད་ཀྱང་། ད་ནི་ང་རང་དགའ་སའི་བུད་མེད་གཞན་གྱི་ཆུང་མར་གྱུར་སོང་། ད་ནི་ངའི་མ་འོང་པའི་ཆུང་མ་མེད་ཟིན། ད་ནི་ཚེ་སྲོག་ལ་དོན་སྙིང་གིས་སྟོང་བར་འདུག་སྙམ། སློབ་ཆེན་ནི་ཅི་ཞིག་རེད། བརྩེ་བ་ནི་གང་ཞིག་རེད། གནས་སུ་སོང་བའི་ཆུང་མ་ཨ། ད་ནི་ངས་བརྗོད་འདོད་པའི་སྙིང་གཏམ་སུ་ལ་བརྗོད། ཚེ་རིང་གཡུ་སྒྲོན་ཨང་། ཚེ་རིང་གཡུ་སྒྲོན།

  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་ཉི་འོད་དང་ཁ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།