སྙན་ཆང་བཏེགས་པ།

གུ་དཔལ་ཤིས།        2024-09-04

ཡུལ་མཐའ་མེད་ཀྱི་འཁོར་བ་ལྗོན་པའི་ཚལ་ཆེན།།

ཤིང་སྣ་མང་གི་རྩེ་འཇོ་བཞད་སྟངས་མཚར་རུང་།།

ལུས་འཁྲི་ཤིང་ལ་ལོ་མའི་མེ་ཏོག་རྒྱན་པ།།

རྡུལ་དྲི་མ་ཡིས་ནོགས་པར་མེད་པར་ཤོག་ཅིག།

ཕྱིའི་མི་ཚུགས་དེ་ཅུང་ཙམ་རྒོད་དུ་སྣང་ཡང་།།

ནང་གཤིས་ཀ་དེ་ལྷོད་ལ་གཤིབ་འདྲིས་བདེ་བའི།།

སེམས་དག་གཙང་ལ་དྲི་མས་མ་བསྒོ་ཁྱོད་རང་།།

གནས་འཁོར་བ་ཡི་རུ་གྲོང་སྐྱིད་ཀྱིས་འཚོས་ཤོག།

གཞིས་མཐོ་སྒང་གི་ནམ་མཁའ་གཡའ་དག་འདི་དང་།།

སྤྲིན་དཀར་པོ་དང་འཚོ་དབུགས་གཙང་ས་འདི་རུ།།

ཡུལ་སྒོམ་སྡེ་ཡི་ལས་བསྐོས་གྲུ་ཁ་དེ་རུ།།

ཁྱོད་བཞད་པ་དང་འཚར་བའི་གླིང་ག་དེ་ཡིན།།

སྐྱིད་མི་བརྟན་པའི་འཁོར་བའི་ལ་གཞུང་མང་རུང་།།

སྡུག་དཀའ་ཚེགས་ཀྱིས་མདུན་སྐྱོད་གཡོལ་ཐབས་མེད་དུས།།

སེམས་གདེང་ཚོད་ཀྱི་རིག་པའི་བློ་གཤོག་དེ་ཡང་།།

མཐའ་རིས་མེད་ཀྱི་བག་ཡངས་ལྷོད་ལ་རྐྱོངས་ཤོག།

དུས་དེ་དུས་ཀྱི་ལྷིང་འཇགས་རི་མོའི་གསོན་གཟུགས།།

དུས་ད་ལྟ་ཡང་ཡིད་ཡུལ་ལྗོན་པ་སྒུལ་ལེ།།

ལྕུག་འཁྲི་ཤིང་གི་ལྡེམ་པའི་ཡལ་ག་མཉེན་པ།།

ཞེ་བྲག་རྫོང་འདིར་ལྷོད་ཀྱི་གཟི་བྱིན་བརྗིད་པ།།

གནས་དབེན་གྲོང་གི་རི་སུལ་ཤེས་རིག་ཚལ་ནས།།

བཅུད་གང་བཟང་གི་ནོམ་པ་ཡིད་ཡུལ་བཞེས་པའི།།

ནང་གདམས་པ་ཡི་ཐུགས་བཅུད་འོ་མས་གསོས་པའི།།

བློ་གཞུང་དྲང་གི་ཁྱོད་ཀྱི་ལུས་སེམས་སྐྱིད་ཤོག།

  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་དབྱར་གཞུང་།
  • ལེ་ཚན་རྗེས་མ།:སྙིང་སྡུག་ལགས།