ཕ་ཡུལ་གྱི་དབྱར་གཞུང་།

༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽        2024-08-30

ཚང་ཚིང་ནགས་ཀློང་ཕྱུག་མོའི་རྒྱབ་རི་ཡི་ཞོལ་དུ།།

ལྷང་ལྷང་རྫ་ཆུ་རིང་མོའི་བཞུར་སྒྲ་ཡི་ངོགས་སུ།།

ལྡེམ་ལྡེམ་ཞིང་བཟང་སྙེ་མའི་གཡོ་རླབས་ཀྱི་འགྲམ་དུ།།

ཕང་ཕུང་ཕ་ས་ཕྱུག་མོའི་རུ་སྡེ་འདི་སྐྱིད་ཨང་།།

ཞོགས་པའི་ཤར་ཕྱོགས་ལྷུན་པོའི་ཕྲག་སྟེང་གི་ཀློང་ནས།།

སྣང་བྱེད་སྐྱ་རེངས་བུ་མོའི་དགྱེས་འཛུམ་གྱི་འོད་དཀར།།

རི་ཆུའི་འཇོ་སྒེག་བརྟས་པའི་ཕ་ཡུལ་དུ་འཕྲོ་དུས།།

རྩྭ་རྩེའི་ཟིལ་བའི་མུ་ཏིག་ཕྲོམ་ཕྲོམ་འདི་མཛེས་ཨང་།།

ལྟོས་དང་མིག་གི་བརྟན་པ་ཅིག་ཅར་དུ་འཕྲོག་པའི།།

ནེའུ་གསིང་གཡུ་ཡི་མཎྜལ་ཕྲ་ཚོམ་གྱིས་སྤྲས་སོ།།

ཉོན་དང་གསོམ་ཤིང་ཤུག་པའི་ལྕུག་ཕྲན་གྱི་ཡང་སྟེང་།།

མགྲིན་བཟང་ཁུ་བྱུག་གཞོན་ནུའི་གསུང་དབྱངས་འདི་སྙན་ཨང་།།

ཀུན་གསལ་ཞལ་ཁྱོན་འཕོས་འདྲའི་རྩྭ་ཐང་གི་གཤོངས་སུ།།

སྣ་བརྒྱའི་མེ་ཏོག་བཞད་པའི་དྲི་བསུང་གི་བདུད་རྩི།།

བསིལ་རླུང་རྟ་ལ་བསྐྱོན་ཏེ་སྣ་ལམ་དུ་ཞུགས་དུས།།

ཡིད་ཀྱི་དགའ་བདེའི་ཚོར་བའི་བཟི་ཁ་འདི་བཙན་ཨང་།།

ལང་ཚོའི་གཟི་དཔལ་ངོམ་པའི་གཞོན་སྐྱེས་ཀྱི་སྟག་ཤར།།

ལྷ་བསང་ལྷོག་ལྷོག་འཁྱིལ་བའི་དུད་སྤྲིན་གྱི་ཁྲོད་ནས།།

རླུང་རྟའི་འཕུར་གར་རྩེན་པའི་ལ་རྩེ་ཡི་ཁོ་རར།།

འཕྲིན་བཅོལ་ཀི་སྒྲས་ཁེངས་པའི་སྣང་ཚུལ་འདི་མཛེས་ཨང་།།



  • ལེ་ཚན་སྔོན་མ།:དབྱར་ཁའི་རྩྭ་ཐང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།