ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

    མི་དམངས་ཉིན་རེའི་ཚགས་པར།    2024-08-27

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་23ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

     ཞི་ཅིན་ཕིང་གིས་སི་ཐཱ་མོ་ཡིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་བས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པའི་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོས་ཕུགས་དང་འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། རོགས་ཟླའི་ངེས་གནས་རྒྱུན་འཁྱོངས་བྱེད་པ། སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བརྟན་ལྷིང་དང་གཉིས་ཕན་གྱི་ཀྲུང་དབྱིན་འབྲེལ་བར་བརྟེན་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་བདེ་སྐྲུན་དགོས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གཞོལ་བ་དང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་པས་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོར་དོན་དངོས་དང་མཐུན་ཞིང་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དེས་དབྱིན་ཇི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་དེ་བས་མང་པོ་མཁོ་འདོན་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་འདྲ་མཉམ་ངང་སྐད་ཆ་ཤོད་རེས་བྱས་ནས་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དངུལ་རྩ་དང་། ལྗང་མདོག་དཔལ་འབྱོར། མིས་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གཉིས་ཁེ་གཉིས་ཕན་དེ་ཀྲུང་དབྱིན་འབྲེལ་བའི་ནང་དོན་གཙོ་བོར་འགྱུར་བར་བྱེད་འདོད་ཡོད།

     སི་ཐཱ་མོ་ཡིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྐབས་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་བརྗོད་དོན། དབྱིན་ཀྲུང་མཉམ་ལས་འབྲེལ་བ་དེ་བས་ཟབ་ཏུ་གཏོང་རྒྱུ་དེ་ཕྱོགས་གཉིས་པོའི་ཕུགས་ཀྱི་ཁེ་ཕན་དང་མཐུན་པས། རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། སློབ་གསོ། ནུས་རྒྱུ་གཙང་མ། གསོ་རིག་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ། རང་རང་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་ལམ་སྲོལ་རང་བཞིན་གྱི་སྤེལ་རེས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་བརྩི་འཇོག་གི་སྙིང་སྟོབས་ཐོག་ནས་ཡུན་རིང་དང་། བརྟན་ལྷིང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པ་བཅས་ཀྱི་དབྱིན་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོ་གཅིག་གི་སྲིད་ཇུས་ཡུན་རིང་མཐའ་འཁྱོངས་བྱེད་པའི་དབྱིན་ཇི་ཕྱོགས་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་ཕྱིན་མེད་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད།

      ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་དབྱིན་ཇི་ཕྱོགས་ཀྱི་བསམ་འདུན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དབྱིན་ཇི་ཕྱོགས་དང་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་ཀྱིས་ཀྲུང་དབྱིན་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་འབད་བརྩོན་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།


  • ལེ་ཚན་སྔོན་མ།:ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུའི་སྒར་སའི་བྱེད་སྒོ་སྐབས་བཅོ་ལྔ་པ་ལིའུ་ཀྲོའུ་རུ་སྤེལ་བ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།